དེབ་གསར། «ཞང་བརྩོན་འགྲུས་གྲགས་པ་དང་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-21
ཀློག་གྲངས།:
ཉེ་ཆར། ཡེ་ཤེས་ཟླ་བ་ལགས་ཀྱིས་བརྩམས་པའི«ཚལ་པ་བཀའ་བརྒྱུད་སྲོལ་མཁན་ཞང་བརྩོན་འགྲུས་གྲགས་པ་དང་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག
གླེང་གཞི།
བོད་ཀྱི་ལོ་རྒྱུས་ཁྲོད་གནའ་རབས་ལོ་རྒྱུས་ཀྱིས་ལོ་རྒྱུས་ཧྲིལ་པོའི་ཆ་ཤས་གལ་ཆེན་ཞིག་བཟུང་ཡོད་པ་ནི་སྨོས་མེད་ལགས། ཞང་བརྩོན་འགྲུས་གྲགས་པ་ནི་བོད་གནའ་རབས་ལོ་རྒྱུས་ཀྱི་དུས་རབས་བཅུ་གཉིས་པ་སྟེ་བོད་སིལ་བུ་ཁ་ཐོར་དུ་གནས་པའི་དུས་སུ་མདོ་དབུས་ཁམས་གསུམ་ལས་ཡུལ་དབུས་སུ་འཁྲུངས་ཤིང་། ན་སོ་ཆུང་ངུ་ནས་ཆོས་ལུགས་ཀྱི་མཁའ་དབུགས་སྟུག་པོའི་ཁྲོད་དུ་འཚར་ལོངས་བྱུང་བ་ཞིག་ཡིན། སྤྱིར་ཁོང་གི་སྐུ་ཚེ་ཧྲིལ་པོ་ཆོས་ལུགས་རིག་གནས་ཀྱི་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་ཏེ་འདས་རུང་། སྐབས་དེར་བོད་ཡོངས་ལ་གཅིག་གྱུར་གྱི་ཆབ་སྲིད་ལམ་ལུགས་མེད་པས། སྤྱི་ཚོགས་ཁྱོན་ཡོངས་ནས་ཟང་ཟིང་གི་རྣམ་པར་གནས་སྟབས་ཡུལ་དུས་མི་བདེ་བ་དང་འཚོ་གནས་ལ་འགྱུར་བ་ཆེན་པོ་བྱུང་བ་སོགས་ལས། ཁོང་གི་མི་ཚེའི་ལམ་བུ་ནི་ཤིན་ཏུ་ཀྱག་ཀྱོག་གི་ཚུལ་དུ་གྲུབ་ཡོད།ཁོང་གིས་སྐུ་ཚེའི་སྨད་ཙམ་ལ་ཆོས་འབྲེལ་གྱི་ཚོགས་པ་བསྐྱངས་ཤིང་སྔ་རྗེས་སུ་དབུས་སྐྱིད་ཤོད་ཡུལ་གྱི་ཚལ་དང་གུང་ཐང་དུ་དགོན་པ་བཏབ་ནས་ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་མ་ཟད་རིམ་བཞིན་ལྷ་ས་དང་ཚལ་གུང་ཐང་། ཆུ་ཤུལ། ལྷོ་ཁ་སོགས་མངའ་འོག་ཏུ་བསྡུས་ཤིང་རི་རྒྱ་དང་ཀླུང་རྒྱ་བསྡམས་ནས་ཁྲིམས་ལུགས་གཏན་འབེབས་གནང་བ་སོགས་ཀྱིས་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ནས་བཟུང་སྟེ་ཡུན་རིང་ཞིག་ཡུལ་དབུས་དང་གཡོ་རུའི་ས་ཆ་མང་ཆེ་བར་ལྟོས་བཅས་ཀྱི་ཞི་བདེ་ཆེན་པོ་བསྐྲུན་པས་ཁོར་ཡུག་ལ་སྲུང་སྐྱོང་དང་ཞིང་འབྲོག་ལས་ཀ་མྱུར་འཕེལ་སོགས་ཐུབ་སྟེ་ཚལ་པ་བཀའ་བརྒྱུད་དང་དེའི་མངའ་ཁོངས་ཀྱི་སྟོབས་ཤུགས་ཆེན་པོར་རྒྱས་པས་རྗེས་ཀྱི་ཚལ་པ་ཁྲི་སྐོར་དང་ཚལ་དུས་ལ་སོགས་པར་ཆོས་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་བྱུང་བ་སོགས་དབུས་ཁུལ་གྱི་ལོ་རྒྱུས་འཕེལ་འགྱུར་ལ་ཤུགས་རྐྱེན་ངེས་ཅན་བཟོས་ཡོད།
བོད་ཀྱི་ལོ་རྒྱུས་ཐོག་ཁོང་ནི་བོད་སིལ་བུའི་དུས་སུ་གསར་དུ་བྱུང་བའི་ཆོས་བརྒྱུད་འདྲ་མིན་གསར་གཏོད་མཁན་གྱི་ཚབ་མཚོན་མི་སྣ་ཞིག་དང་ཆོས་སྲིད་ཟུང་སྦྲེལ་གྱི་ལམ་ལུགས་སྤེལ་ནས་བོད་ཁམས་གཅིག་གྱུར་དང་ཞི་བདེ་ཡོང་བར་བརྩོན་ལེན་གནང་མཁན་ཞིགདེ་བཞིན་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ནས་དབུས་ཀྱི་ས་ཆའི་ལོ་རྒྱུས་འཕོ་འགྱུར་ལ་ཤུགས་རྐྱེན་ངེས་ཅན་བཟོ་མཁན་ཞིག་སོགས་ལོ་རྒྱུས་ཀྱི་གལ་ཆེའི་མི་སྣ་ཞིག་ལགས།
དེ་ལྟར་ནའང་ཞིབ་འཇུག་པའི་ཁྲོད་ད་བར་ཞང་མིདང་འབྲེལ་བའི་ཚལ་པ་བཀའ་བརྒྱུད་ཀྱི་བྱུང་ཚུལ་དང་འཕེལ་རྒུད་སོགས་ལས་ཞང་བརྩོན་འགྲུས་གྲགས་པར་ཆེད་དུ་ཞིབ་འཇུག་གནང་བ་ཤིན་ཏུ་དཀོན་པའི་ཚུལ་དུ་ལུས་ཡོད།
དེང་གི་ཆར་སྤྱིར་ཞང་བརྩོན་འགྲུས་གྲགས་པ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ། ཁོང་གི་གསུང་འབུམ་ཁག་མཇལ་དུ་ཡོད་ལ་བོད་རྒྱ་དབྱིན་ཡིག་གི་དཔྱད་ཡིག་ང་མི་ཉུང་བ་ཞིག་ཡོད་པ་དང་། ཁོང་གིས་ཕྱག་བཏབ་གནང་བའི་དགོན་པ་དང་སྒྲུབ་གནས་ཁག་གཅིག་གི་རྗེས་ཤུལ་མཇལ་རྒྱུ་ཡོད་པ་སོགས་ཀྱིས་ཁོ་བོས་འདིར་ཞིབ་འཇུག་བྱ་བའི་འདུན་པ་འཕེལ། ཁོ་བོའི་ངོས་ནས་བརྗོད་ན། ཞང་བརྩོན་འགྲུས་གྲགས་པའི་མ་དགོན་གྱི་གནས་ཡུལ་ཚལ་གུང་ཐང་ནི་རང་ཉིད་སྐྱེས་མཚར་བྱུང་སའི་ཕ་ས་དེའང་ཡིན་པས། ས་ཆ་དང་དགོན་པ་ལ་རྒྱུས་མངའ་ཅུང་ཟད་མཆིས་ལ། རྟོག་ཞིབ་དང་གཅར་འདྲི་སོགས་བྱེད་བདེ་བའི་མཐུན་རྐྱེན་ཅུང་བཟང་བ་སོགས་ཀྱིས་ཞིབ་འཇུག་གི་ལས་གཞི་འདི་རང་གཏན་ཁེལ་བྱས།
དེབ་ཀྱི་དཀར་ཆག
ནང་དོན་ཡོང་ཁུངས། བླ་བྲང་དཔེ་གཟིགས་དགའ་ཚལ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།