logo

བོད་ཡིག་གནའ་དཔེའི་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡིག་ཚང་བདམས་བསྒྲིགས་པོད༡-༢༠པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། དུས་ཚོད།:2025-02-24 ཀློག་གྲངས།:
       བོད་ཡིག་གནའ་དཔེའི་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡིག་ཚང་བདམས་སྒྲིག་ཅེས་པ་འདི་ནི༢༠༢༢ལོའི་མི་རིགས་པར་སྐྲུན་ཆེད་བཀོལ་མ་དངུལ་རོགས་སྐྱོར་རྣམ་གྲངས་ཚུད་ཡོད་ལ། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་འཆར་འགོད་དང་།འཚོལ་བསྡུ། དག་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དཔེ་ཚོགས་ཤིག་ཡིན་ལ། ཐེངས་འདིར་ངེད་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་བོད་ཀྱི་སྐྱེས་ཆེན་དམ་པ་བརྒྱ་ཕྲག་དུ་མའི་གསུང་འབུམ་པོ་ཏི་སྟོང་ཕྲག་བདུན་ལ་ཉེ་བའི་མ་དཔེའི་དཀར་ཆག་དང་གསུང་འབུམ་པོད་རེ་རེ་ཀློག་པའི་ཁྲོད་དུ་གནས་ཡིག་དང་། ལམ་ཡིག། ས་དཔྱད། བསང་ཡིག། གནས་བསྟོད་སོགས་འབྲེལ་ཡོད་ཡིག་ཚང་གལ་ཆེན་ལག་སོན་བྱུང་བ་དང་། དེ་ལས་བྱེད་ཐབས་གཞན་སོགས་ཀྱིས་བསྡུ་ཅི་ཐུབ་ཀྱི་སྒོ་ནས་གནས་ཡིག་པོད་བརྒྱད། ལམ་ཡིག་པོད་བཞི། ས་དཔྱད་པོད་བཞི། བསང་ཡིག་པོད་གཉིས། གནས་བསྟོད་གཉིས་བཅས་བསྡོམས་པས་པོད་ཉི་ཤུའི་བདག་ཉིད་དུ་པར་བསྐྲུན་བྱས་ཡོད།
       དཔེ་ཚོགས་འདིར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཞིབ་འཇུག་གི་དཔྱད་གཞི་ཡིག་ཚང་རིན་ཐང་ཅན་མང་པོ་ཞིག་གུང་བསྒྲིགས་ནས། གཞུང་དེ་དག་གི་མ་ཕྱི་དང་མཛད་པ་པོའི་མཚམས་སྦྱོར་མདོར་བསྡུས་དཀྱིས་སུ་བཅུག་སྟེ། གཞུང་ཡིག་གྱི་ཚིག་དོན་གཉིས་ཀྱི་ཆ་ལ་དཔེ་བསྡུར་དང་ཞུ་དག་ཅུང་ནན་མོ་ཚུལ་བགྱིས་ཡོད་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་གཞུང་ལུགས་དང་སྲོལ་རྒྱུན་གྱི་རི་ཆུ་རིག་གནས་རྒྱུན་འཛིན་བྱ་བར་ཕྱོགས་སྟོན་རང་བཞིན་ལྡན་པར་མ་ཟད། དཔེ་ཚོགས་ཆེན་མོ་འདིའི་པར་བསྐྲུན་ནི་རིག་གཞུང་གཉེར་མཁན་དག་གིས་མཐོང་ཆེན་དང་། རྒྱ་ཆེ་ཀློག་པ་པོ་དག་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་གཞུང་ལ་མཛུབ་ཁྲིད་ཀྱི་ནུས་པ་ཡང་ལྡན་ངེས་ཡིན།
གནས་ཡིག་གི་སྐོར། པོད ༡-༨
       དང་པོ་གནས་ཡིག་ནི་ཕྱི་ཡི་བཀོད་པ་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་ཕུན་སུམ་ཚོགས་པ་དང་། ནང་དུ་འཕགས་པའི་སྐྱེས་ཆེན་ཚོས་གནས་མཆོག་བྱིན་གྱིས་བརླབས་པ། གནས་ཁྱད་པར་ཅན་དུ་སྐྱེས་བུ་གང་གིས་བསྒོམ་སྒྲུབ་ཀྱི་ཉམས་ལེན་བགྱིས་པའི་འཕགས་པའི་ས་ཐོབ་པའི་གནས་ཡིག་ཁྱད་པར་ཅན་རྡོ་རྗེ་གདན་གྱི་གནས་བཤད། གངས་རིན་པོ་ཆེའི་གནས་ཡིག །སྦས་ཡུལ་པདྨ་བཀོད་ཀྱི་གནས་ཡིག །ཙ་རིའི་གནས་ཡིག །རི་བོ་དན་ཏིག་གི་གནས་ཡིག་སོགས།
ལམ་ཡིག་གི་སྐོར། པོད༡-༤
       གཉིས་པ་ལམ་ཡིག་ནི་སྐྱེས་བུ་གང་ཞིག་གནས་ཁྱད་པར་ཅན་དུ་ཕེབས་པའི་ལམ་བར་དུ་མཐོང་ཐོས་མྱོང་གསུམ་གྱི་རང་བཞིན་བརྗོད་པ། གནས་དེར་ལམ་འདི་ལ་བསྟེན་ནས་ཇི་ལྟར་བགྲོད་དགོས་པ། བགྲོད་ཐབས། དཀའ་ངལ་གྱི་གནས་ཚུལ་དྲང་པོར་བརྗོད་པ་དཔེར་ན་ཧྥ་ཤཱན་གྱི་ལམ་ཡིག །ཨུ་རྒྱན་པའི་ལམ་ཡིག །མན་ལུང་གུ་རུའི་ལམ་ཡིག །སི་ཏུ་ཆོས་ཀྱི་རྒྱ་མཚོའི་དབུས་གཙང་ལམ་ཡིག་སོགས།
ས་དཔྱད་ཀྱི་སྐོར། པོད ༡-༤
       གསུམ་པ་ས་དཔྱད་ནི་ས་དེའི་ཕྱོགས་བཞི་མཚམས་བརྒྱད་དང་། སྟེང་འོག་ཕྱོགས་བཅུ་དང་། རི་ཆུ་ནགས་གསུམ། སྒང་གཞོངས་དང་ཐང་སྤང་སོགས་ཀྱི་བབ་ལ་དགེ་སྐྱོན་གྱིས་དབྱེ་ཞིབ་བྱས་པ་དཔེར་ན་རྒྱལ་པོའི་ས། བློན་པོའི་ས། འབངས་ཀྱི་ས། དགོན་པའི་ས་སོགས་རང་རང་ལ་བབ་བསྟུན་གྱི་བགོ་སྐལ་ནང་བཞིན་རི་དང་། བྲག །ཐང་། ཆུའི་འབབ་ལུགས་བརྟག་དཔྱད་བྱས་པ་བོད་ཀྱི་མཁས་པ་མི་བཞིའི་ས་དཔྱད། སློབ་དཔོན་པདྨ་འབྱུང་གནས་ཀྱི་ས་དཔྱད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏིའི་ས་དཔྱད། ཀོང་ཇོའི་དབུས་ཀྱི་ལྷ་སའི་ས་དཔྱད། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ས་དཔྱད་སོགས།
བསང་ཡིག་གི་སྐོར། པོད ༡-༢
       བཞི་པ་བསང་ཡིག་ནི་རིའི་ནང་ནས་རི་རྒྱལ་ལྷུན་པོ་གངས་རི་ལྟ་བུར་གནས་བཅས་པའི་གཞི་བདག །ཆུ་ལ་གནས་པའི་ཀླུ། བྲག་ལ་གནས་པའི་གཉན་རྣམས་མཆོད་པ་འབུལ་བ་རི་བོ་རྩེ་ལྔའི་བསང་མཆོད། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད། གཉན་ཆེན་ཐང་ལྷའི་བསང་མཆོད། རྨ་ཆེན་སྤོམ་རའི་བསང་མཆོད། མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་བསང་མཆོད་སོགས།
གནས་བསྟོད་ཀྱི་སྐོར། པོད ༡-༢
       ལྔ་པ་གནས་བསྟོད་ནི་གནས་དེའི་ཕྱི་ནང་གི་བཀོད་པ་མ་ལུས་པར་བསྟོད་པ་རྒྱ་གར་རྡོ་རྗེ་གདན་གྱི་གནས་བསྟོད། རི་བོ་རྩེ་ལྔའི་གནས་བསྟོད། ལྷོ་བྲག་མཁར་ཆུའི་གནས་བསྟོད། རི་བོ་དགེ་འཕེལ་གྱི་གནས་བསྟོད། སྣར་ཐང་ཆོས་སྡེའི་གནས་བསྟོད་སོགས་འབྲེལ་ཡོད་ཡིག་ཚང་བསྡུ་གང་ཐུབ་ཀྱིས་བཀོད་པའོ། །
འབྲེལ་ཡོད་འོས་སྦྱོར།