«སློབ་ཆུང་རིགས་འབྱེད་རྩོམ་ཡིག་དཔྱིད་ཀྱི་མྱུ་གུ»འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2025-03-25
ཀློག་གྲངས།:
ཉེ་སྔོན། «སློབ་ཆུང་རིགས་འབྱེད་རྩོམ་ཡིག་དཔྱིད་ཀྱི་མྱུ་གུ»ཞེས་པའི་དཔེ་ཚོགས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

སྐད་ཡིག་ནི་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པའི་ལག་ཆ་ཆེས་གཙོ་བོ་ཞིག་ཡིན་ལ། མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། འགན་འབབ་སློབ་གསོའི་སྐད་ཡིག་བསླབ་ཚན་གྱི་གཞི་རྩའི་ལྟ་བར་སློབ་མར་སྐད་ཡིག་གི་རྩ་བའི་ཡོན་ཚད་ལྡན་དུ་འཇུག་དགོས་ཞེས་པ་ལྟར། སྐད་ཡིག་བཀོལ་སྤྱོད་བྱེད་པའི་ནུས་པ་འཕེལ་བར་བྱེད་པའི་གལ་ཆེའི་ཐབས་ལམ་གཅིག་ནི་སློབ་མར་རྩོམ་ཡིག་འབྲི་སྦྱོང་གི་སྦྱོང་བརྡར་གཏོང་རྒྱུ་དེ་ཡིན་ལགས་ན། གནའ་ནས་ད་བར་དུ་ས་པཎ་ཀུན་དགའ་རྒྱན་མཚན་དང་། མཁས་དབང་དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ་ལ་སོགས་སྔོན་བྱོན་མེས་པོ་ཚོས་ཀྱང་རྩོམ་འབྲིའི་དཀའ་སྤྱད་བགྱི་བའི་འཁུར་ལས་གསུང་པོད་གྲངས་ལས་འདས་པ་ཞིག་ད་ཆ་ང་ཚོའི་ལོངས་སྤྱོད་དུ་གྱུར་དང་འགྱུར་མུས་སུ་སྣང་བཞིན་ཡོད་པ་ནི་ཀུན་པོས་རྟོགས་ངེས་ལ། མེས་རྒྱལ་གྱི་མེ་ཏོག་འདྲ་བའི་བྱིས་པ་རྣམས་ལའང་སྐད་ཡིག་སློབ་གསོའི་ཆུ་རྒྱུན་ཟིལ་མ་དང་། སྐད་ཡིག་རྒྱུན་མཐུད་དང་ལག་ལེན་གྱི་ནུས་པ་གསལ་སྟོན། སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་ཕྱོགས་བསྡུས་ནུས་འཕེལ་བར་བྱེད་དགོས་ན། དང་ཐོག་སློབ་མར་མིང་དང་ཚིག བརྗོད་པ། རྩོམ་འབྲི་སོགས་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པར་བྱ་རྒྱུ་ནི་སྐད་ཡིག་སློབ་ཁྲིད་པའི་འགན་འཁྲི་ཞིག་ཡིན་ལགས། ད་ཐེངས་ལྷ་ས་སློབ་ཆུང་དང་པོའི་བོད་ཡིག་སློབ་ཁྲིད་པ་རྣམས་ནས་ཀྱང་། ཡུན་རིང་སློབ་ཁྲིད་ཀྱི་ཞོར་དུ་སློབ་མའི་རྩོམ་ཡིག་མཛུབ་སྟོན་དང་བཟོ་བཅོས་སོགས་བྱས་ཏེ། སློབ་མའི་རྩོམ་འབྲིའི་ནུས་པ་གསོ་ཕྱིར«སློབ་ཆུང་རིགས་འབྱེད་རྩོམ་ཡིག་དཔྱིད་ཀྱི་མྱུ་གུ»ཞེས་པའི་དཔེ་ཚོགས་ཤིག་རྩོམ་སྒྲིག་མཛད་པ་དེ་ནི། ཁོང་རྣམ་པའི་རྒྱུན་གཏན་སློབ་ཁྲིད་ཀྱི་བླ་ན་མེད་པའི་མཛད་པ་ཞིག་དང་། དཔེ་ཁྲིད་མི་སྐྱོང་གི་བྱས་འབྲས་བཟང་པོ་ཞིག་ཡིན་ལ། རྒྱ་ཆེའི་སློབ་མ་རྣམ་པར་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན།

«སློབ་ཆུང་རིགས་འབྱེད་རྩོམ་ཡིག་དཔྱིད་ཀྱི་མྱུ་གུ»ཞེས་པའི་དཔེ་ཚོགས་འདིར་ཁྱོན«དོན་རྐྱེན་ཞིབ་འབྲི»དང་། «དངོས་པོ་ཞིབ་འབྲི» «མི་སྣ་ཞིབ་འབྲི» «སྲོག་ཆགས་ཞིབ་འབྲི» «དབྱིབས་དངོས་ཞིབ་འབྲི»བཅས་ཁག་ལྔ་ལས་གྲུབ་ཡོད་པ་དེ་དག་ནི། ལྷ་ས་སློབ་ཆུང་དང་པོའི་སློབ་མས་བྲིས་པའི་ཕུལ་བྱུང་རྩོམ་ཡིག་ཤ་སྟག་ཡིན་ལ། ལང་ཚོའི་མྱུ་གུ་འབུས་བཞིན་པའི་ན་ཆུང་སློབ་མ་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་བདེ་སྐྱིད་འཚོ་བར་རོལ་བའི་རྣམ་པ་བཟང་པོ་དང་། དགེ་རྒན་གྱི་སློབ་ཁྲིད་ལས་ཐོབ་པའི་མྱོང་བ་དང་དེར་འཛིན་པའི་དད་སེམས། ཕ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བའི་སློབ་མ་ཚོའི་རྒྱུན་གཏན་གྱི་བསམ་བློ་དང་འཚོ་བ་སོགས་མཚོན་ཡོད།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སློབ་གསོ་རྩོམ་སྒྲིག་ཁང་གིས་སློབ་ཆུང་སློབ་མའི་རྩོམ་འབྲིའི་དགོས་མཁོར་དམིགས་ཏེ་དཔེ་ཚོགས་ཇུས་འགོད་དང་རྩོམ་སྒྲིག་གི་བགྱི་བ་ཁུར་དུ་བླངས་ཤིང་། ཆེད་དུ་དཔྱད་བརྗོད་པ་གདན་ཞུས་ཀྱིས། སློབ་མ་ཚོའི་རྩོམ་ཡིག་གི་མཇུག་ཏུ་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་དགེ་རྒན་དཔལ་ལྡན་ལྷུན་གྲུབ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་རྣམ་གླིང་རིན་ཆེན་གཉིས་ནས་དཔྱད་གླེང་ཕྲན་བུ་གནང་ཡོད་པ་དེས་ཀྱང་། སློབ་མ་རྣམས་ལ་རྩོམ་འབྲིའི་མཛུབ་སྟོན་དང་། མ་འོངས་རྩོམ་འབྲིར་ཕྱོགས་པའི་སྐུལ་སློང་མཚོན་པར་བྱས་ཡོད། མདོར་ན། «སློབ་ཆུང་རིགས་འབྱེད་རྩོམ་ཡིག་དཔྱིད་ཀྱི་མྱུ་གུ»ཞེས་པའི་དཔེ་ཚོགས་འདིས་རང་ལྗོངས་ཀྱི་སློབ་ཆུང་སློབ་མར་ཁྱད་དུ་འཕགས་པའི་རྩོམ་དཔེ་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།