སོག་རུ་ཀརྨ་ཀུན་ཁྱབ་ཀྱི་ལྷུག་རྩོམ་དེབ་གསར«བྱང་ཐང་བསྐོར་བའི་གཏམ་རྒྱུད»པར་སྐྲུན་བྱས།
རྩོམ་པ་པོ།:སོག་རུ་ཀརྨ་ཀུན་ཁྱབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-23
ཀློག་གྲངས།:
ཉེ་ཆར། བོད་ལྗོངས་ནག་ཆུའི་རྩོམ་པ་པོ་གྲགས་ཅན་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་བརྩམས་པའི་བྱང་ཐང་སྐོར་གྱི་མུ་འབྲེལ་ལྷུག་རྩོམ་ཁག་དང་པོ«བྱང་ཐང་བསྐོར་བའི་གཏམ་རྒྱུད»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

དཔེ་དེབ་དེ་ནི་བོད་ཀྱི་རྩོམ་པ་པོ་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་ལྷུག་རྩོམ་ཕྱོགས་བསྒྲིགས«བྱང་ཐང་གི་བཞུར་རྒྱུན»དང«འབྲི་མར་སེར་པོ»ཞེས་པ་གཉིས་བཏོན་པའི་རྗེས་སུ་གསར་རྩོམ་བྱས་པའི་ལྷུག་རྩོམ་ཁག་ཉི་ཤུ་ལས་གྲུབ་པ་ཞིག་ཡིན་ཞིང་། དེབ་དེར་དེ་སྔོན་དུས་དེབ་ཆེ་གྲས་ཁག་ནང་བཏོན་མྱོང་བའི«ས་ཆེན་གྱི་སྒལ་ཚིགས། གཙང་ཆུའི་འགོ་ཁུངས»དང«ས་ཡི་བརྟན་ཕུར་ནམ་ར»སོགས་བོད་ཀྱི་རྩོམ་རིག་སྡེ་ཁག་ནང་གྲགས་འགུལ་ཆེན་པོ་བྱུང་མྱོང་བའི་ལྷུག་རྩོམ་གྲགས་ཆེན་མང་པོ་ཡོད་ལ། དེ་སྔོན་ཀློག་པ་པོ་དག་གི་མིག་ལམ་དུ་གཏན་ནས་བཤམས་མྱོང་མེད་པའི་ལྷུག་རྩོམ་གསར་པ་ལྟ་འདོད་ལ་ཉན་སྤྲོ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཁག་ཅིག་ཀྱང་ཡོད། རྩོམ་ཡིག་དེ་དག་ཚང་མ་གསང་བ་ཡང་གསང་དུ་གནས་པའི་བོད་བྱང་ཐང་གི་རིག་གནས་དང་ཡུལ་སྲོལ། ས་ཁམས། མི་སྣ་སོགས་བརྗོད་གཞིར་བྱས་ཤིང་། རིག་གནས་ལྷུག་རྩོམ་གྱི་འབྲི་ཐབས་ལ་བརྟེན་ནས་ཚིག་སྦྱོར་དང་ནང་དོན་གཉིས་ཐད་ནས་ཀློག་པ་པོའི་ཡིད་ཀྱི་དྭངས་པར་འདྲེན་པར་བྱས་ཡོད།

«བྱང་ཐང་བསྐོར་བའི་གཏམ་རྒྱུད»དེ་ཉིད་སྤྱི་ལོ༢༠༢༤ལོའི་བོད་རང་སྐྱོང་ལྗོངས་རིག་རྩལ་རོགས་སྐྱོར་རྣམ་གྲངས་གྲས་སུ་ཚུད་པ་དང་། དུས་ཡུན་ལོ་ངོ་གཅིག་ལྷག་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པས་ཚིག་སྦྱོར་དང་ནང་དོན་གཉིས་ཐད་ལ་ཞུན་བརྡར་ཡང་ཡང་བྱས་ཏེ། དངོས་སུ་དཔེ་ཚོང་ཁང་དག་ནས་འགྲེམ་སྤེལ་བྱེད་ལ་ཉེ་བར་ཡོད།
རྩོམ་པ་པོ་ངོ་སྤྲོད།

སོག་རུ་ཀརྨ་ཀུན་ཁྱབ། བོད་ལྗོངས་ནག་ཆུ་ཤེལ་ཚྭ་རྫོང་དུ་སྐྱེས། ད་ལྟ་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་དང་དམངས་ཁྲོད་རིག་རྩལ་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན། 1998ལོར་གསར་རྩོམ་གྱི་ལས་སུ་ཞུགས་པ་ནས་བཟུང་། སྔ་རྗེས་སུ་རིག་གནས་ལོ་རྒྱུས་ཀྱི་དེབ«ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས»དང་། ལྷུག་རྩོམ་དེབ«བྱང་ཐང་གི་བཞུར་རྒྱུན» «འབྲི་མར་སེར་པོ»སོགས་དཔེ་དེབ་བརྒྱད་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། སྔ་རྗེས་སུ་བོད་ཀྱི་དུས་རབས་གསར་བའི་རྩོམ་རིག་བྱ་དགའ་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ། སྐབས་བཅུ་གཅིག་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་དང་བྱང་ཐང་རྟགས་ཅན་གྱི་སྣོད་བཅུད་སྲུང་སྐྱོང་བྱ་དགའ་ཨང་དང་པོ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།