གེ་སར་གྱི་དེབ་གསར«སྙན་ངག་གསར་པའི་རྣམ་བཤད»འགྲེམ་བརྡ།
རྩོམ་པ་པོ།:
ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2025-05-06
ཀློག་གྲངས།:
རྩོམ་པ་པོ་དཔལ་ལྡན་ནམ་གེ་སར་ལགས་ཀྱིས་བརྩམས་པའི«སྙན་ངག་གསར་པའི་རྣམ་བཤད»ཅེས་པའི་དེབ་འདི་ནི་རྩོམ་པ་པོའི་ལོ་ངོ་ཉི་ཤུ་ལྷག་གི་གསར་རྩོམ་གྱི་འབྲས་བུ་སྟེ། རྩོམ་པ་པོ་ཁོང«གངས་རྒྱན་མེ་ཏོག»དུས་དེབ་ཀྱི་རྩོམ་སྒྲིག་པ་ནས་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར་པའི་བར་བརྒལ་དེའི་ཆོད་སེམས་དང་། ཡང་ན་རྩོམ་པ་པོས་མི་ཚེ་གང་བོར་རྩོམ་སྒྲིག་པའི་ཕྱག་ལས་བསྐྱངས་པའི་གཡུར་ཟའི་གྲུབ་འབྲས་ཤིག་ཏུ་བརྩིས་ཆོག་གོ །

དེབ་གསར«སྙན་ངག་གསར་པའི་རྣམ་བཤད»ཀྱི་ནང་དུ་རྩོམ་པ་པོས་བོད་ཀྱི་སྙན་ངག་གསར་པ་དེ་ལ་ཐོག་མའི་དུས་སྐབས་དང་། བར་བརྒལ་གྱི་དུས་སྐབས། ད་ལྟའི་དུས་སྐབས་ཞེས་དུས་སྐབས་སྔ་ཕྱི་གསུམ་ལེའུ་གསུམ་དུ་བགོས་ཏེ་ཕྱོགས་གཅིག་ནས་བོད་ཀྱི་སྙན་ངག་གསར་པའི་འབྱུང་རྐྱེན་ལ་དབྱེ་ཞིབ་དང་གསེད་བཀྲོལ་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལོ་ངོ་བཞི་བཅུ་ལྷག་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་སྙན་ངག་གསར་པའི་རྣམ་པ་དང་སྒྱུ་རྩལ་གྱི་མཚོན་ཐབས། བརྗོད་བྱའི་ཁྱབ་ཁོངས་དག་ལ་འགྱུར་བ་དང་འཕེལ་རྒྱས་གང་དག་བྱུང་ཡོད་པར་དབྱེ་ཞིབ་བྱས་ཡོད་ལ། ལེགས་ཉེས་དང་སྤང་བླང་གི་ཆ་གང་དག་ཡོད་པར་ཡང་གདེང་འཇོག་དང་དགག་སྒྲུབ་འོས་འཚམ་བྱས་ཡོད་པས། དེབ་འདི་བོད་ཀྱི་དེང་རབས་སྙན་ངག་ཞིབ་འཇུག་ཉམས་ཞིབ་པ་དང་ཀློག་མཁན་སྤྱི་ལ་མཚོན་ན་མ་བཀླག་ཚད་མེད་ཀྱི་དེབ་ཅིག་ཏུ་གྱུར་ཡོད་དོ། །
«སྙན་ངག་གསར་པའི་རྣམ་བཤད»ཀྱི་མཇུག་བྱང་།
གེ་སར།
དེབ་འདིའི་མ་གདན་ནི2007ལོར་ཁོ་བོས་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དམ་བཅའ་འཇོག་དུས་ཀྱི་ཆེད་རྩོམ་དེ་ཡིན་ལ། རྗེས་སུ་ལོ་ངོ་བཅུ་གྲངས་རིང་གི་དུས་ཀྱི་བར་སྐབས་གསུམ་ཙམ་རིང་ལ་ཡང་ཡང་ཞུ་དག་དང་ཁ་སྣོན་བྱས་པ་བརྒྱུད། ད་ལྟའི་སྒྲོམ་གཞི་དང་རྣམ་པ་འདི་གྲུབ་པ་ལགས།ད་ལྟ་དེབ་འདི་དངོས་སུ་པར་སྐྲུན་བྱེད་ལ་ཉེ་དུས། དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་བ་ཞིག་བྱུང་སོང་། ང་རང་དགའ་དོན་ནི་ལོ་ངོ་མང་བོའི་རིང་ལ་འབད་འབད་དུང་དུང་བྱས་པའི་དཔྱད་འབྲས་འདི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་སོང་བ་དེ་ཡིན་ལ། ང་རང་སྐྱོ་དོན་ནི་དཔྱད་བྱའི་ནང་དོན་རྒྱ་ཆེ་དྲགས་པས་བྱེ་བྲག་གི་གནད་དོན་ལ་དགོས་ངེས་ཀྱི་དཔྱད་པ་ཞིབ་མོ་གཏོང་ཐུབ་མེད་པ་དང་། དཔྱད་རྩོམ་གྱི་སྒྲིག་གཞིའི་བཀོད་སྒྲིག་ཚགས་མ་དམ་པས་འཆད་བྱའི་དོན་ལ་བསྐྱར་ཟློས་བྱུང་ཡོད་པའམ་གྲིམ་ཤ་མེད་པ་དེའོ། །
བོད་ཀྱི་སྙན་ངག་གསར་བ་དེ་ལ་ཐོག་མའི་དུས་སྐབས་དང་། བར་བརྒལ་གྱི་དུས་སྐབས། ད་ལྟའི་དུས་སྐབས་ཞེས་དུས་སྐབས་སྔ་ཕྱི་གསུམ་དུ་བཀར་ཡོད་པ་ནི་དཔྱད་པ་གཏོང་བདེ་བར་དམིགས་པ་ཡིན་ཞིང་། ལེའུ་གསུམ་དུ་བགོས་ཏེ་ཕྱོགས་གཅིག་ནས་བོད་ཀྱི་སྙན་ངག་གསར་བའི་འབྱུང་རྐྱེན་ལ་དབྱེ་ཞིབ་དང་གསེད་བཀྲོལ་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལོ་ངོ་བཞི་བཅུ་ལྷག་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་སྙན་ངག་གསར་བའི་རྣམ་པ་དང་སྒྱུ་རྩལ་གྱི་མཚོན་ཐབས། བརྗོད་བྱའི་ཁྱབ་ཁོངས་དག་ལ་འགྱུར་བ་དང་འཕེལ་རྒྱས་གང་དག་བྱུང་ཡོད་པར་དབྱེ་ཞིབ་བྱས་ཡོད་ལ། ལེགས་ཉེས་དང་སྤང་བླང་གི་ཆ་གང་དག་ཡོད་པར་ཡང་གདེང་འཇོག་དང་དགག་སྒྲུབ་འོས་འཚམ་བྱས་ཡོད།

སྤྱིར་ན་དེབ་འདིའི་ནང་དུ1983ལོར་དོན་གྲུབ་རྒྱལ་གྱི«ལང་ཚོའི་རྦབ་ཆུ»སྤེལ་ཚུན་ནས། 2010ལོའི་བར་གྱི་སྙན་ངག་བརྩམས་ཆོས་རྣམས་དཔྱད་གཞིར་བཟུང་ཡོད་ནའང་། སྤྱི་ཕྱོགས་ཀྱི་སྣང་ཚུལ་གླེང་དུས་ད་ལྟའི་བར་གྱི་ལོ་ངོ་བཞི་བཅུའི་དུས་ཡུན་ལ་དམིགས་ཡོད། དུས་སྐབས་སོ་སོའི་སྙན་ངག་པ་རེ་འགའ་དང་ཁོ་ཚོའི་སྙན་རྩོམ་དམིགས་སུ་བཟུང་ནས་དཔྱད་པ་བཏང་ཡོད་ནའང་། ལ་ལ་ཞིག་རང་གི་མི་སྒེར་གྱི་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་དུ་སོང་མེད་པའི་ངེས་པ་མེད་ལ། དེ་དག་བོད་ཀྱི་སྙན་ངག་གསར་བའི་འཐུས་ཚབ་རྐྱང་རྐྱང་ཡིན་པའི་ངེས་པའང་མེད་པ་ལས། དེབ་འདིའི་ནང་ཚུད་མེད་པའི་སྙན་ངག་པ་དང་སྙན་རྩོམ་ལེགས་པོའང་ད་དུང་གང་མང་མང་ཞིག་ཡོད་སྲིད་པ་ཤེས་དགོས་སོ། །དེ་ཡང་དཔྱད་འབྲས་འདིར་རིན་ཐང་ཙམ་ཡོད་པའི་དབང་དུ་བཏང་ན། དེ་ནི་བོད་ཀྱི་སྙན་ངག་གསར་བའི་རྩོམ་སྟེགས་ལ་ཁྱོན་ཡོངས་ནས་གདེང་འཇོག་དང་དབྱེ་ཞིབ། སྤྱི་སྡོམ་འོས་འཚམ་ཞིག་བྱས་ཡོད་པ་དེ་ཡིན་པ་དང་། སྙན་ངག་གསར་བའི་མིག་སྔའི་གནས་བབ་ལས་ཇི་ལྟར་ཐོད་རྒལ་བྱེད་ཚུལ་སྐོར་གྱི་བསམ་ཚུལ་ཙམ་ཞིག་ཀྱང་སེམས་ལ་དྲན་ཚད་སྦ་གསང་མེད་པར་དྲང་བོར་སྤྲོས་བརྗོད་བྱས་ཡོད་པ་དེ་ཡིན།
དཔྱད་པ་གཏོང་ཐབས་ནི་སྙན་ངག་གསར་བའི་འཕེལ་འགྱུར་གྱི་གཞུང་ཐིག་གཙོ་བོ་ཞིག་བཟུང་གང་ཐུབ་སྒོས། དུས་སྐབས་སོ་སོའི་སྙན་ངག་པ་དང་སྙན་རྩོམ་ལ་དབྱེ་ཞིབ་བྱེད་པ་དང་། དུས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱེད་པ་གཉིས་ཟུང་དུ་སྦྲེལ་ཡོད་པ་ཡིན་ལ། རང་སྟོབས་ཀྱིས་དབྱེ་ཞིབ་བྱེད་པ་དེ་གཙིགས་སུ་བཟུང་ཡོད་ནའང་། སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་ཆ་དང་འགྱུར་ལྡོག་གི་ཆ་དེར་གཞུང་ལུགས་དང་བརྩམས་ཆོས་ཀྱི་ངོས་ཐད་ནས་གསལ་ཁ་འབྱིན་ཐུབ་མེད་པ་དང་། དེ་གཉིས་འོ་ཆུ་བཞིན་མཉམ་འདྲེས་མཉམ་བསྲེས་ཤིག་བྱེད་ཐུབ་མེད་པ་ནི་ཅུང་ཕངས་པའི་གནས་སོ། །གཞན་ཁོ་བོའི་རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་ཞན་པ་དང་རྣམ་དཔྱོད་ཉག་ཕྲ་བ། དཔྱད་གཞི་འདིའི་སྐོར་ལ་ཆེད་དུ་ཞིབ་འཇུག་བྱས་ཡོད་པའི་དཔྱད་རྩོམ་དང་རྒྱུ་ཆ་གནད་ལ་འཁེལ་བ་ཅུང་ཉུང་བ། བར་འགྱངས་ཀྱི་དུས་ཚོད་རིང་དྲགས་པ་སོགས་རྒྱུ་རྐྱེན་གང་མང་དབང་གིས་ནོར་འཁྲུལ་དང་ཆད་སྐྱོན་མང་བོ་ཞིག་མཆིས་སྲིད་པའང་གདོན་མི་ཟའོ། །
མཇུག་མཐར། ཆེད་རྩོམ་འདིར་བཟོ་བཅོས་རྒྱག་པར་ཕན་ཆེད་མཛུབ་སྟོན་དགེ་རྒན་རྣམ་པ་དང་སློབ་གྲོགས། སྤུན་ཟླ་ཚོས་དགོངས་འཆར་ལྷུག་སྩོལ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་ལ། མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གནམ་ལྷ་རྒྱལ་ལམ་སྙན་ངག་པ་སྙན་བུས་དེབ་འདིའི་པར་སྐྲུན་གྱི་མགོ་མཇུག་བར་གསུམ་ཐད་ཐུགས་ཁུར་བླ་མེད་མཛད་པར་ཡང་ཁ་མིན་སེམས་ནས་བཀའ་དྲིན་ཡང་ཡང་ཞུ་བའོ། །
༢༠༢༤ལོའི་ཟླ༥པའི་ཚེས༡༡ཉིན་རྩོམ་པ་པོས་ཟི་ལིང་ནས།



རྩོམ་པ་པོ་ངོ་སྤྲོད།

དཔལ་ལྡན། པིར་མིང་ལ་གེ་སར་འབོད། རྩོམ་རིག་རབ་འབྱམས་པ། 1971ལོར་མཚོ་སྔོན་མང་རྫོང་དུ་སྐྱེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་རྩོམ་སྒྲིག་པ་ཡིན། བརྩམས་ཆོས་ལ་སྙན་དེབ«འཕུར་འདོད་དུས»དང«འབྲིང་རྒྱུགས་རྩོམ་ཡིག་མཛུབ་སྟོན» སྒྱུར་རྩོམ་དང་སྒྲིག་རྩོམ་གྱི་དེབ་ལ«ལིའོ་ཀྲའེ་མཚར་སྒྲུང»དང«འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་གཅེས་བཏུ» «ཀྲུང་ཕྱིའི་སྙན་རྩོམ་གྲགས་ཅན་དབྱེ་ཞིབ» «བོད་ཀྱི་ལོ་རྒྱུས་རིག་གནས»སོགས་གཞན་མང་བོ་ཡོད་ལ། “གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་སོགས་གཟིགས་བཟོས་སྐོར་ཞིག་ཀྱང་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།