logo

དཔལ་མོ་རྒྱལ་གྱི་ལྷུག་རྩོམ་དེབ་གསར«འདོ་རིག་རྟ་ཕོ»ཞེས་པ་པར་དུ་བསྐྲུན།

རྩོམ་པ་པོ།:དཔལ་མོ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-09 ཀློག་གྲངས།:
       ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་དཔལ་མོ་རྒྱལ་ལགས་ཀྱིས་བརྩམས་པའི་ལྷུག་རྩོམ་དེབ་གསར«འདོ་རིག་རྟ་ཕོ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག
       «འདོ་རིག་རྟ་ཕོ»ཞེས་པའི་དེབ་འདི་ནི་རྟ་ཁོ་ན་བརྗོད་བྱ་ཞེས་པའི་ལྷུག་རྩོམ་གྱི་དེབ་ཅིག་ཡིན་ཞིང་། བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་བཟུང་རྟ་ཡི་དཔེ་ལ་བརྟེན་ནས་མི་ཆོས་སྐྱོང་བ་དང་། བསད་པ་རོ་ཡི་སྟོང་དང་རྨས་པ་ཁྲག་གི་སྟོང་། བྱི་ཕྲུག་གི་སྟོང་། མི་མཐུན་མོ་ཤའི་སྟོང་ཞེས་སྟོང་འཇལ་ལ་རྟ་སྟེར་བ་དང་། འཇིག་རྟེན་མཐུན་འཇུག་ཏུ་བག་མའི་བག་རྟ་དང་། མག་པའི་ལེགས་སྐྱེས་སོགས་ལ་རྟ་གཙོ་བ་མ་ཟད། དགེ་སྡིག་གི་ངོ་བོ་མི་འདྲ་བར་དམིགས་ནས་རྟའི་ཁ་དོག་ལའང་བརྟག་པར་བྱེད། གཞན་ཡང་། རྟ་དང་འབྲེལ་བའི་ལྷ་སྒྲུང་དང་། གཏམ་དཔེ། ངག་རྒྱུན་སོགས་ཀྱིས་མིའི་རྒྱུད་ལ་བློ་སྐྱེད་དང་བསམ་གཞིག་མི་ཉུང་བ་ཞིག་སྟེར་འོངས་པས་ན། རང་གི་མི་ཚེའི་དཀའ་སྡུག་དང་ཕམ་ཁ་ལ་སེམས་ཀྱི་སྟོབས་ཤུགས་ཤིག་དང་། མདུན་སྐྱོད་ཀྱི་སྤོབས་པའི་རྒྱུ་ཞིག་ཏུ་འགྱུར་བའི་རིན་ཐང་ལ་དམིགས་ནས་བྲིས་ཡོད།
       མཇུག་མཐའི་ཟུར་བཀོད་ནི་ཐོག་མར་རྟ་ཐོག་སྤོ་ལོའི་ཆེད་དུ་སྦལ་ཏིའི་བཤུལ་ལམ་སྙེག་པ་ཡིན་མོད། བར་དུ་ད་དུང་ཡང་གནའ་བོའི་སྐད་དང་དམངས་སྲོལ་གྱི་ཆ་ཙམ་ལུས་པའི་སྦལ་ཏིའི་གདུང་རྒྱུད་པ་དག་གི་ཤུལ་བཞག་ལ་རུས་ཞེན་ཟབ་མོ་ཞིག་གིས་ཡིད་སེམས་ཕྱོགས་ཤིང་། ཤེས་འདོད་ཀྱི་བློ་ཡིས་ཡང་ཡང་སྐུལ་བས་མ་ཡིག་གི་སྒྲ་གདངས་དག་བོད་ཡིག་ཏུ་ཕབ་སྟེ་ཀློག་པ་པོ་རྣམས་ལའང་སྐྱེས་སུ་ཕུལ་བ་ཡིན་ལ། རིག་གཞུང་དོན་གཉེར་བ་དག་ལ་རྒྱུ་ཆའི་སྐྱོར་མ་ཞིག་གི་ཚུལ་དུ་ཀུན་སློང་ཡག་པོས་ཕུལ་བ་ཡིན་ནོ། །

རྩོམ་པ་པོ་ངོ་སྤྲོད།
       དཔལ་མོ་རྒྱལ། ཨ་མདོ་རེབ་གོང་གི་མི། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམས། ༢༠༡༧ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་ཁ་ཕྱོགས་ཀྱི་འབུམ་རམས་པ་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ད་ལྟའི་བར་སྐད་བརྡ་རིག་པ་གཙོ་བྱས་རིག་གཞུང་དཔྱད་རྩོམ༣༠ལྷག་སྤེལ། «བལ་དཀར་པོ་སྲུང་གི་མདུད་པ་ཅན»དང«བོད་ཀྱི་ཡུལ་སྐད་དང་ཡི་གེའི་འབྲེལ་བ་ཞིབ་འཇུག»དཔར་སྐྲུན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།