logo

སྙན་བུའི་དེབ་གསར«སོར་གདུབ་དང་སྒྲུང་ཐུང་གཞན་དག»པར་བསྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-18 ཀློག་གྲངས།:
       ཉེ་ལམ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི«སོར་གདུབ་དང་སྒྲུང་ཐུང་གཞན་དག»ཅེས་པ་འདི་ནི་སྙན་བུའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན། འདི་རུ༢༠༡༡ལོ་ནས༢༠༢༥ལོའི་བར་གྱི་སྒྲུང་ཐུང༡༦འདམ་སྒྲུག་བྱས་ཏེ་གསར་རྩོམ་བྱས་པའི་ལོ་ཚིགས་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད་ལ། དེབ་ནང་འཁོད་པའི་སྒྲུང་གཏམ་ཕལ་ཆེ་བ་བོད་ཁུལ་གྱི་དུས་དེབ་གཙོ་གྲས«སྦྲང་ཆར»དང་། «མི་རིགས་ཀྱི་རྩོམ་རིག།» «བོད་ཀྱི་རྩོམ་རིག་སྒྱུ་རྩལ།» «ཟླ་ཟེར»བཅས་སུ་བཀོད་ཟིན་པར་མ་ཟད། སྒྲུང་གཏམ«ཟིན་དེབ་དམར་པོ»དང«གཞོན་ནུ་མ་ཞིག་གི་ཁྱོ་ག»གཉིས་ལ་གཟིགས་བཟོས་གསོལ་རས་ཀྱང་ཐོབ་པ་རེད།
       དེབ་འདིའི་ཁ་ཤོག་ནི་རྩོམ་མཁན་ཁོ་རང་གིས་ཇུས་འགོད་བྱས་པ་ཡིན་ལ། ཁ་དོག་གི་ཆ་ནས་ད་རེས་ཀྱང་བརྩམས་དེབ་སྔོན་མ«བདག་གི་རྟ་ཕོ»དང«ང་ལམ་ལ་ཆས་འདོད»གཉིས་ཀྱི་སྔོ་ཞིང་བསངས་པའི་ཁྱད་ཆོས་དེ་རིང་ལུགས་སུ་མངོན་པར་བྱས་འདུག། རིང་ཐུང་ལ185*120ལས་མེད་པའི་དེབ་འདིའི་ཆེ་ཆུང་ཚད་དང་རན་ལ་བཀླགས་ན་ལྟ་བདེ་པོ་ཡོད་པར་མ་ཟད། ཁྱེད་རང་ས་ཆ་གང་དུ་ཕེབས་ཀྱང་གློ་ཁུག་ཏུ་འཇུག་རྐྱང་བྱས་ནས་ཁྱེར་ཆོག་གི་ཡིན།

༼དཔྱད་གཏམ་ཐུང་ངུ་།༽
       རྩོམ་པ་པོ་སུ་དང་གང་ཞིག་ཡིན་རུང་། སྒྲུང་གཏམ་གྱི་བརྗོད་བྱ་འཛིན་ཕྱོགས་ནི་རང་ཉིད་ཀྱི་ཞེན་པ་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ། ན་གཞོན་རྩོམ་པ་པོ་འཁྱམ་རུ་གནམ་ལྷ་རྒྱལ་གྱིས་དུས་ཡུན་ཐུང་ངུའི་རིང་ལ་སྒྲུང་གཏམ་མང་པོ་གསར་རྩོམ་བྱས་པར་མ་ཟད། སྒྲུང་གཏམ་སྐོར་ཞིག་གི་བརྗོད་བྱར་ཁྱིམ་ཚང་གི་འཚོ་བ་བཟུང་འདུག །ཁྱིམ་ཚང་གི་འཚོ་བ་བརྗོད་བྱར་འཛིན་སྐབས་ཁྱིམ་མིའི་བར་དུ་བྱུང་བའི་སྐྱོ་གར་སྣ་ཚོགས་ཟུར་མི་འདྲ་བ་དང་ཕྱོགས་མི་འདྲ་བའི་སྒོ་ནས་བསྟན་པ་ན། ཀློག་མཁན་རྣམས་ཀྱིས་ལྗིད་ཏིག་ཏིག་གི་སྐྱོ་གར་གྱི་མཛེས་པ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ།
——བཀྲ་བྷ།

       རྩོམ་པ་པོ་སྙན་བུ་ལགས་ནི་སྒྲུང་གཏམ་འབྲི་བར་མཁས་པའི་གཞོན་སྐྱེས་རེ་ལྟོས་ཅན་ཞིག་ཏུ་སེམས་པ་དང་། ཁོང་གིས་བརྩམས་པའི་སྒྲུང་གཏམ་ཕལ་མོ་ཆེ་ཞིག་ཞིབ་ཀློག་ཀྱང་བྱས་མྱོང་། ཁོང་གིས་བརྩམས་པའི་སྒྲུང་གཏམ་ལ་དུས་ཚོད་དང་ས་གནས། མི་སྣ། དོན་རྐྱེན། བརྒྱུད་རིམ། མཇུག་འབྲས་བཅས་གསལ་པོ་ཡོད་པར་མ་ཟད། རྩོམ་རིག་སྐད་ཆའང་བོད་རང་གི་རྩོམ་པའི་གདངས་སུ་གྱུར་པའི་སྐད་ཆ་ལགས། ཡང་སྒྲུང་གཏམ་རེ་འགའ་ནི་དེང་རབས་ཀྱི་མཚོན་ཐབས་གསར་པའི་སྒོ་ནས་རང་གི་གསར་རྩོམ་ལ་ཚོད་བགམ་དང་། བོད་ཀྱི་དེང་རབས་སྒྲུང་གཏམ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ཆའང་ཆེ་བས། སྲོལ་རྒྱུན་གྱི་སྒྲུང་གཏམ་རྩོམ་པ་པོ་དག་ལས་རིང་དུ་འགོངས་ཡོད་པར་འདོད།
——མཁའ་འགྲོ་ཚེ་རིང་།
       ང་ལ་མཚོན་ན། སྙན་བུའི་སྒྲུང་གཏམ་ཀློག་པ་ནི་རི་མོ་ཞིག་ལ་ལྟ་བ་དང་མཚུངས། ཚོན་གྱི་སྡེབས་ཁ་དང་སྨྱུག་ཁའི་ཁྲིད་སྟངས་སོགས་ལ་དང་དོད་ཤུགས་ཆེར་བྱས་མེད་པ་ལྟར་སྣང་ཡང་། དེ་ནི་དེ་ལྟར་བབ་ཆགས་པའི་འཚོ་བའི་ཚོན་མདོག་གི་རང་བཞིན་དང་དབྱེར་མེད་པར་གྱུར་ཅིང་། དེ་ལྟར་མིའི་ཆགས་སྡང་གི་འབུར་ཞོམ་གྱི་ཐིག་རིས་དང་རང་བྱུང་ལྷུན་གྱིས་གྲུབ་འདུག །ཁོང་བྱེས་སུ་བསྡད་ནས་གཞིས་ལ་བླགས་ཤིང་། སྙན་ངག་གི་ཚོར་བས་སྒྲུང་གཏམ་བྲིས་པས་མཐོང་སྣེ་ཕུན་སུམ་ཚོགས་ཤིང་བརྩེ་དུང་གིས་ཀྱང་ཕྱུག་འདུག །དེབ་འདི་ནི་བོད་ཀྱི་རྩོམ་རིག་གི་རྩིག་ལྡེབས་སུ་བཀལ་བའི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་བརྩམས་ཆོས་མིག་ལ་འཚེར་བ་ཞིག་ཅིས་ཀྱང་ཡིན་སྲིད།
——ལྷ་བྱམས་རྒྱལ།

       སྙན་བུ་ལགས་ཀྱིས་ང་ཚོ་ལ་བརྩེ་བ་ལྡན་པའི་སེམས་ཁམས་ཤིག་དང་གདུང་སེམས་ཞེས་པའི་དོན་སྙིང་ཞིག་བསྟན་ཡོད་པར་མ་ཟད། “མི་ཚེ་གཅིག་ནི་ཧ་ཅང་ཐུང་། ཏག་ཏག་ལྷག་བསམ་རྣམ་དག་གིས་མི་གཅིག་ལ་དགའ་བའི་དུས་ཚོད་དེ་ཙམ་ལས་མི་འདུག”ཅེས་པ་ལྟ་བུའི་བརྩེ་བ་དང་སྐྱོ་ཤས་ཀྱིས་ཕྱུག་པའི་སྐད་ཆའང་ང་ཚོའི་རྣ་ལམ་དུ་ཤབ་ཤུབ་བཤད་ཡོད།
——ལྡོང་བུ།
དཀར་ཆག

ལྷགས་རླུང་ཁྲོད་ཀྱི་ཚེ་སྲོག། /001
       བསོད་མཚོས་རྡོ་སྐྱབས་རྒྱལ་ལ་“ཁྱོད་ཀྱིས་ཐབ་ཁུང་དུ་མེ་ཁ་ཞིག་གསོ་རོགས་”ཞེས་བཤད་མོད། ད་ཐེངས་བསོད་མཚོས་ཁོའི་འདོད་བློ་ལྟར་བུ་ཞིག་བཙས་མ་བྱུང་བས། རྡོ་སྐྱབས་རྒྱལ་གྱིས་མཚན་གང་པོར་མོ་ལ་ཁ་ཡ་མ་བྱས་པར་བསྡད།

ཨ་ཅེ་འབྲི་མོ། /013
       “ཁྱོད་ཀྱི་ཨ་ཅེ་འབྲི་མོ་ས་ཆ་གང་ནས་ཡོང་བ་རེད།” ཉིན་ཞིག་ཨ་ཁུ་གླང་ཐུག་གིས་ཐུགས་བརྩེ་བའི་ངང་ནས་ང་ལ་དེ་ལྟར་དྲིས།
       “ཨ་ཁུ་གླང་ཐུག །ངས་མི་ཤེས།”
       “གལ་ཏེ་ཁྱོད་ཀྱིས་ང་ལ་དྲང་མོར་བཤད་ན། ངས་ཁྱོད་རྩྭ་ཆུ་འཛོམས་པའི་ས་ཆ་སྐྱིད་པོ་ཞིག་ལ་འཁྲིད་ཆོག།”


གཞོན་ནུ་མ་ཞིག་གི་ཁྱོ་ག། /024
       ང་ནི་དངོས་གནས་ཅི་ཡང་མི་ཤེས་པའི་གླེན་མ་ཤ་སྟག་ཅིག་རེད། མངལ་གྱི་ཕྲུ་གུ་འདི་ནི་ངེད་གཉིས་ཀྱིས་ཏག་ཏག་ལོ་ངོ་གསུམ་ལ་འབད་པ་བྱས་པའི་འབྲས་བུ་མ་ཡིན་ནམ། གལ་སྲིད་དོ་དགོང་ཆག་སྒོ་གང་རུང་ལ་ཕྲད་ཚེ། ངས་ནམ་ཡང་རང་ཉིད་གུ་ཡངས་སུ་གཏོང་མི་སྲིད།

ཁྱི་ལྡོམ། /038
       རྫི་བོས་ཁྱི་རོ་ཕར་བསྒུལ་ཚུར་བསྒུལ་ལན་འགའ་བྱས་ཏེ་ཤི་ཡོད་མེད་ལ་ཡང་བསྐྱར་ཞིབ་བཤེར་ཐེངས་ཤིག་བྱས་རྗེས། ད་གཟོད་ལག་གི་ལྕགས་ཡུ་སྦོམ་པོ་དེ་ཐང་ལ་གཡུགས་ཏེ་རྒྱ་བྷ་ལ་“ཁྱི་ལྡོམ་འདིའི་རིགས་ལ་བློ་གཏོད་མི་ཉན། སྔ་མོ་ནས་བསད་ན་དགའ་”ཞེས་ཡིད་ཚིམས་པའི་ངང་ནས་བཤད།

ན་སི་ཀ་བ། /049
       སྔོན་ཆད་ཁོ་ལ་གཅར་རྡུང་བྱས་མྱོང་བའི་ཕྱུག་བདག་དེས་ཀྱང་ཅི་མི་སྙམ་པར། ན་སི་ཀ་བ། ཁྱོད་ཉལ་མྱོང་བའི་བུད་མེད་དག་ལས་ཆེས་འདོད་ཆགས་ཆེ་བ་དེ་སུ་རེད་ཅེས་དྲིས་པར། ན་སི་ཀ་བས་དེ་མ་ཐག་རྡོ་རྗེ་སྐྱིད་རེད་ཅེས་ཕྱུག་བདག་དེའི་ཆུང་མའི་མིང་ནས་བོས་པ་ན། རྒན་དར་གཞོན་གསུམ་ཚང་མ་ཡང་བསྐྱར་ཧབ་ཆ་དིར་རེ་བགད་བྱུང་ལ། ཕྱུག་བདག་ཁོའང་ལྷུག་ལྷུག་ཏུ་དགོད་ཙམ་བྱེད་མོད། ངོ་མདངས་སྔ་མོ་ནས་དམར་པོར་གྱུར་འདུག།

ལག་དམར། /061
       མོ་གོམ་པ་འགའ་ཕྱི་སྣུར་བྱས་ཏེ་འདི་ལྟར་བསམས། གལ་ཏེ་སྐྱེས་པ་འདིས་རང་ལ་ཚུལ་མིན་འོས་མེད་ཀྱི་སྦྱོར་བ་གང་རུང་ཞིག་བརྩམས་ཚེ། རང་ཉིད་ལམ་སང་ཐབ་ཚང་དུ་བརྒྱུགས་ནས་ཤ་གཏུབ་བྱེད་ཀྱི་རྣོ་གྲི་དེ་བཟུང་ནས་སྐྱེས་པ་དེར་བསྣུན་ཅི་ཐུབ་བྱེད་ཀྱི་ཡིན།

གཞོན་ནུ་མ་ཞིག་གི་ཁྱོ་ག། /080
       མཚམས་ཤིག་ལ། བགྲེས་པོས་གློ་ལུ་ཞིག་བརྒྱབ་རྗེས། “ངས་ཡང་བསྐྱར་ལྷ་སའི་ཇོ་བོར་ཐོད་པ་ལན་ཞིག་གཏུག་ན་འདོད་”ཅེས་བཤད་པར། གཞོན་ནུ་མས་དགའ་སྣང་གི་ཉམས་ཤིག་སྟོན་བཞིན་འདི་ལྟར་བཤད།
       “ངས་ཁྱོད་ཁྲིད་ནས་འུ་གཉིས་མཉམ་དུ་ལྷ་སར་འགྲོ།”


ང་དང་སྤྱང་མོ། /105
       ད་ནི་བདེ་སྐྱིད་ལྡན་པའི་མི་ཡུལ་འདི་དང་། གསར་དུ་ཐོབ་པའི་རང་དབང་གི་འཚོ་བ་ལ་ཁ་བྲལ་ཏེ་འཆི་བདག་གི་རྗེས་སུ་འབྲངས་ནས་འགྲོ་བ་ལས་ཐབས་ཤེས་ཅི་ཡོད། ཅི་ཡང་ཡོད་པ་མ་རེད། བལྟས་འོངས་ན་ང་ལུག་ཁྱུའི་ནང་གི་ཆེས་བསོད་ནམས་ལྡན་པ་དེ་མིན་པར། ཆེས་ལམ་ལྷོང་མ་ཡོང་བའི་ལུག་ལས་ངན་དེ་རེད།

ངེད་ཚང་གིས་གསོས་པའི་ཞི་ལ་དེ་དག། /118
       སྲིང་མོས་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ནས། “དྲང་མོར་ཤོད། ཁྱོད་ཀྱིས་བསད་པ་ཨེ་ཡིན་”ཞེས་ཉེན་རྟོག་པས་ཉེན་ཅན་ཞིག་ལ་འདྲི་གཅོད་བྱེད་པ་ལྟར་དྲིས་བྱུང་། ང་དེ་མ་ཐག་ཁོང་ཁྲོ་ལངས་ཏེ། “ངས་དེ་བསད་ནས་ཅི་བྱེད། དེ་བསད་ན་ང་ལ་ཕན་པ་ཅི་ཡོད། ང་ཞི་ལ་གསོད་མཁན་ཞིག་དང་འདྲའམ་”ཞེས་ངོ་གདོང་གནག་སྟེ་དྲིས་པར། སྲིང་མོས་སྔར་ལས་ཀྱང་གཟབ་ནན་གྱི་སྒོ་ནས་“ཁྱོད་ཞི་ལ་གསོད་མཁན་ཞིག་དང་མི་འདྲའམ་”ཞེས་ཟུར་ཟ་བྱས་བྱུང་།

འོ་ཞིག་གི་བར་ཐག། /130
       ད་ལྟ་བའི་དུས་ཚོད་འདི་ཉིད་དམ་འཛིན་བྱས་ཏེ། ཐོག་མའི་བརྩེ་དུངས་དེའི་ཆེད་དུ། ཁོ་ལ་ཡང་བསྐྱར་འོ་ཞིག་བསྐྱལ་ན་འདོད།

སོར་གདུབ། /151
       ཁོའི་འཛུམ་མདངས་དེ་ནི་ང་ལ་མཚོན་ན་དངོས་གནས་སེམས་གསོ་ཞིག་རེད། མི་ཞིག་གི་འཛུམ་མདངས་དེ་མི་གཞན་ཞིག་གི་སེམས་གསོ་རུ་འགྱུར་བ་ནི་ཅི་འདྲའི་དཀོན་ཨང་། ཅུང་ཙམ་འགོར་རྗེས། སློང་མོ་བས་ང་ལ་ད་ལྟའི་བར་དུ་ཅིས་ཀྱང་བརྗེད་ཐབས་མེད་པའི་སྐད་ཆ་འདི་བཤད་བྱུང་།
       “མི་ཚེ་གཅིག་ནི་ཧ་ཅང་ཐུང་། ཏག་ཏག་ལྷག་བསམ་རྣམ་དག་གིས་མི་གཅིག་ལ་དགའ་བའི་དུས་ཚོད་དེ་ཙམ་ལས་མི་འདུག།”


རྨི་ལམ་ནང་གི་བུ་མོ། /185
       སྙིང་སྡུག་ལགས། ཁྱོད་རང་གང་དུ་བཞུགས། ང་ལ་སྐོམ་གདུང་སེལ་བྱེད་ཆུ་མོ་མེད་ཀྱང་ཆོག །ཁྱོད་ནི་བདག་གི་ཆུ་མོ་ལགས། ང་ལ་ནད་གཞི་དྲག་བྱེད་སྨན་མཆོག་མེད་ཀྱང་བླ། ཁྱོད་ནི་བདག་གི་སྨན་མཆོག་ལགས།

ཟིན་དེབ་དམར་པོ། /202
       ཤོག་ལྷེ་བཞི་བཅུ་ཞེ་གཅིག་ངོས་ཀྱི་གསང་བ་དེ་ཅིས་ཀྱང་མི་ཀློག་པར་སྨོན། དེ་ནི་ངའི་གསང་བ་མཐའ་དག་ལས་གཞན་ལ་གཏན་ནས་ཤེས་སུ་འཇུག་མི་རུང་བའི་གསང་བ་ཉག་གཅིག་ཡིན་པས་ཅིས་ཀྱང་བཀླག་མི་རུང་། གསང་བ་དེས་ང་ཕམ་དུ་འཇུག་སྲིད་པར་ཐེ་ཚོམ་ཅི་ཡང་མེད། དངོས་གནས་ང་ཕམ་དུ་འཇུག་སྲིད།

ཤར་ཕྱོགས་རི་བོའི་རྩེ་ནས། /226
       སྨུག་སྤྲིན་དཀར་པོའི་གསེབ་ནས་ཡར་འཕགས་པའི་ཤར་ཕྱོགས་རི་བོའི་རྩེ་མོ་དེ་ཉིད་ཀྱང་ད་ཆ་མཐོང་ཡུལ་དུ་སྣང་ལ་མི་སྣང་བ་ཞིག་འདུག་སྟེ། དེ་སྔོན་མིག་ལམ་དུ་གསལ་ལྷང་ངེ་བརྗིད་ཆགས་གེར་མངོན་ཡོང་བའི་རི་བོ་དེ། ད་ནི་ང་ལ་མཚོན་ན་ལན་མི་རྙེད་པའི་དྲི་བ་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།

འབུ་མེ་ལྕེབས། /243
       ཆི་ཡུ་ཁུའི་སྐད་ཆ་འདིས་ང་ལ་མཚར་སྣང་དྲག་པོ་ཞིག་སྐྱེས་སུ་བཅུག་པས། ངས་“འབུ་མེ་ལྕེབས་ལ་ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་། ཁྱོད་ཀྱིས་མྱུར་མོར་ཤོད་དང་”ཞེས་བཤད་པ་དང་། མོས་མྱུར་བ་ཉིད་དུ་འབུ་མེ་ལྕེབས་ཀྱི་གཏམ་རྒྱུད་འཆད་པར་ང་ལ་སྐར་ཆ་གང་ལའང་སྒུག་བཟོད་མི་འདུག།

ཁྱོད་ཀྱིས་ང་ལ་གཏམ་རྒྱུད་ཆ་ཚང་ཞིག་བཤད་རོགས། /261
       ད་ནི་བཀྲ་ཤིས་ཀྱི་སེམས་ཀྱི་དོགས་གཞི་ནི་གཏམ་རྒྱུད་འཆད་པ་དང་སྐྲ་གཞར་བ་གཉིས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད་པའི་དྲི་བ་དེ་མིན་པར། སྨིན་དྲུག་གི་འཛུམ་དེའི་ནང་དོན་ནི་ཡང་སྙིང་ཅི་ཞིག་ཡིན་པ་དེ་རེད།
འབྲེལ་ཡོད་འོས་སྦྱོར།