logo

བྱང་རིགས་སྐལ་བཟང་རྡོ་རྗེའི་སྙན་དེབ«ཟླ་བའི་མར་སྒམ»པར་དུ་སྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-29 ཀློག་གྲངས།:
       ཉེ་སྔོན། བོད་ལྗོངས་ནག་ཆུ་ཨ་མདོ་རྫོང་ནས་འཚར་བའི་ན་གཞོན་རྩོམ་འབྲི་བ་བྱང་རིགས་སྐལ་བཟང་རྡོ་རྗེའི་སྙན་དེབ་ཐོག་མ«ཟླ་བའི་མར་སྒམ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་འདུག

སྔོན་འགྲོའི་དབྱངས།
 
       སྙན་དེབ་འདིའི་ནང་དུ་འཁོད་པའི་སྙན་ངག་རེ་རེ་ནི་རང་གི་སྲོག་ལས་མཆེད་པའི་བུ་ལ་སྙིང་དམར་བ་བཞིན་གཅེས་ཤིང་གཅེས་པ་ཤ་སྟག་ཏུ་བདམས་ཡོད་ལ། དགུ་བཅུའི་སྟོད་དུ་སྐྱེས་ནས་ད་ལྟའི་བར་གྱི་ཚོར་བ་དང་སྐྱོ་ཡུས། དགའ་སྣང་དང་སྤྲོ་བ་བསྣོལ་བའི་ལམ་གྱི་ས་ཁྲ་ལ་སྐད་དང་ཡེ་གེར་སྤྱད་ནས་མཚམས་རྟགས་རྒྱག་སྟངས་ཤིག་ལོས་ཡིན་སྙམ་ཡོད། སྒང་བ་བོད་ཀྱི་ཡུལ་ནས་འུར་རྡོ་འཁྱེར་ཏེ་ཟོག་རྫིར་འགྲོ་བ་དང་ཆུ་ཆེན་བརྒལ་ཏེ་འབྲོག་རྟགས་སྟོན་པའི་ཚོར་བའི་ཉིང་ཁུ་མ་ལུས་སྙན་ངག་འདི་དག་འགྲུབ་པའི་སྔོན་འགྲོའི་དབྱངས་སུ་གྱུར་ཡོད་ཅེས་ལབ་ཀྱང་མི་ཆོག་པ་མེད་དོ། །
       སྙན་ངག་འདི་དག་ནི་ཁ་ནས་ཤོར་ཤོར་དུ་ཡོད་པའི་ཕལ་བའི་སྐད་ཆས་མི་ཡུལ་གྱི་མཛེས་སྡུག་དང་དེས་ཟླས་དྲངས་པའི་ར་རོ་བའི་སྣང་བ་སྣ་ཚོགས་ལ་ཕྱིར་མཚོན་བྱེད་པར་སྟོབས་དང་ངར་ཤུགས་ཤིན་ཏུ་ཞན་པས། ཕལ་བའི་སྐད་ཆ་ལ་འོད་ཀྱི་སྐར་ཁུང་གཏད་ཅིང་། འགྱུར་བག་རྒོད་པའི་མི་ཚེའི་ཆོ་འཕྲུལ་སྣ་ཚོགས་ལ་ཐ་སྙད་ཀྱི་མིག་གིས་འཚོས་ཤིང་བརྡ་སྤྲོད་ཀྱི་ལྷུ་ཚིགས་སྤྱད་དེ་གོམས་ལོབ་ཏུ་གྱུར་བའི་སྤྱི་འགྲོས་ཅན་གྱི་སྐད་ཆའི་འཁྲུག་ཆ་ལ་དབྱངས་ཀྱི་རམ་བུ་གསར་བ་ཞིག་བཏེགས་པའི་ངང་ཚུལ་ཆུང་ཆུང་ཡིན་པ་གང་ཞིག རྗེས་ནས་སློབ་གྲྭའི་འཚོ་བ་དང་སྤྱི་ཚོགས་ཀྱི་གར་སྟེགས་ཆེན་པོར་བརྒྱུད་ནས་མིའི་གདོད་མའི་རང་གཤིས་ལ་མཆོད་བསྟོད་དང་དེང་རབས་འ་ཆད་འུ་ཐུག་གི་སྤྱོད་པའི་གདགས་སྲིད་ལ་ཟུར་མིག་འཕངས་པའི་ཚབ་ཅིག་དང་། ཚེ་ཕྱེད་འདིར་ཐོན་པའི་མཆོག་གསུམ་རྟེན་འབྲེལ་གྱི་ལེགས་སྐྱེས་ཞིག་ཡིན་བསྙད་ཀྱང་འོས་སོ། །
       ཁ་ནས་ཅི་ཡིན་འདི་ཡིན་མེད་པར་འབྲོག་སྐད་ཐན་ཐུན་ཤོར་བ་ནས་ངའི་ཡིན། ངར་དགོས། ངས་སྒྲུབ་སོགས་ཚིག་གི་ཆིབ་ལབ་རིང་མོས་མི་སྐད་ཀྱི་གྲལ་ཟུར་དུ་འཚངས་པ་ནས་བཟུང་། ངག་གི་སྒོ་མོ་ལས་བརྡོལ་བའི་བདེན་དགེ་མཛེས་གསུམ་གྱི་ཁྱད་འཕགས་ཀྱི་ཡོན་ཏན་ལ་སློབ་སྦྱོང་གི་གོ་སྐབས་ཕྲན་བུ་རྙེད་པའི་མཐུ་རྟགས་དང་རྩོམ་རིག་ཅེས་པའི་སྐད་ཆའི་འདུ་བྱེད་འདི་ལ་བྱང་ཤིང་ཆུབ་པའི་དགེ་བའི་བཤེས་གཉེན་ཁ་ཤས་ཀྱི་མདུན་ནས་རྩོམ་གྱི་འགྲོས་དང་སྐད་ཆའི་སྟངས་སྟབས། སྡེབ་སྦྱོར་གྱི་རི་རབ་སྤུངས་པའི་ཐ་སྙད་རིག་གནས་ལ་སློབ་སྦྱོང་ཕྲན་བུ་བྱས་པའི་སྐལ་བཟང་གི་རྒྱན་དང་། དྲིན་གཟོའི་གཏང་རག་ཅིག་གི་ཚུལ་ལ་སྙན་དེབ་ཆུང་ངུ་འདི་འཇིག་རྟེན་འདིར་འཁྲུངས་པའི་རྐྱེན་དུ་མའི་ནང་གི་གཙོ་བོར་གྱུར་བར་ནམ་ཡང་བརྗེད་དུ་མེད་པ་ཞིག་གོ །
       འདིའི་ནང་གི་སྙན་ངག་ཁ་ཤས་ནི་ཐོལ་བྱུང་དུ་འཁྱུག་པའི་ཚོར་བ་རྗེན་པ་ཙམ་དང་ཇ་ཞིག་བླུགས་ཞོར་གླུ་ཞིག་བླངས་པའི་ཚུལ་དང་། འགྲོ་ཞོར་མིག་ནས་འཛུམ་པའི་སྐར་མདའ་ཞིག་བློས་མ་ཐོངས་པའི་ཚུལ་གྱིས་ཚིག་གི་སྒྲིག་གཞི་ལ་བརྟེན་ནས་མཚོན་པར་བྱས་ཡོད་ཅིང་། ཁ་ཤས་ནི་འདུག་གཟོད་བྲལ་བའི་ལོ་ཆུང་གི་སྣང་བ་རང་ཡན་ཙམ་ལས། ཤེར་རྟོགས་རིག་པ་དང་ཆོས་ལུགས་ཀྱིས་རྩོམ་གྱི་ཁ་གཏིང་གང་རུང་ལེགས་པར་སྤུད་པའི་གྲས་སུ་བགྲང་མི་རུང་བས་ན། ཀློག་པ་པོས་ཡིན་མིན་ཡོད་མེད་ཀྱི་བདེན་རྫུན་གྱི་འཁྲུན་ཐག་གཅོད་པར། བློ་ཞིབ་མོའི་སེམས་ཀྱིས་འཇུག་པའམ་མྱོང་རོལ་བྱེད་སའི་ཚིག་དང་ཐ་སྙད་ཀྱི་གཟུགས་ཤིག་ལས་གཞན་གྱི་མཛེས་པ་ཆེར་མེད་དོ། །
       སྐད་དང་ཡི་གེའི་སྡེབ་བསྒྲིགས་པའི་ཆོ་ག་འདི་ལ།  ཞེན་ཆགས་ཀྱི་འཛིན་པ་མ་ལྷོད་པའི་སྡོང་གྲོགས་ཀྱིས་ད་ལྟའི་བར་དུ་གང་དེར་ཤི་འཐམ་རོ་འཐམ་བྱས་ནས་ཡོང་པ་ལ། ཆགས་སྡང་གི་ངར་ཤུགས་ཆེན་པོ་འདི་རྩོམ་གྱི་འགོ་མཇུག་བར་མ་གང་རུང་དུ་མར་ལ་ཆུ་བཞག་གི་ཚུལ་དུ་ཁྱབ་ཅིང་འདྲེས་ཡོད་ཅེས་བཤད་ན། རང་ངོས་ནས་ཀྱང་འདྲ་ཆགས་པོ་ཞིག་ཡོང་འདུག་བསམ་པའི་གཟུགས་མེད་ཀྱི་སྐུལ་ལྕག་ཅིག་ནམ་ཡང་རང་སེམས་རྡོ་རྗེའི་དཀྱིལ་འཁོར་དུ་ཕེབས་ཤིང་བཞུགས་འོང་གིན་འདུག་གོ །
       ཐོབ་ཤོར་དང་རྟིང་རྩོད་ཀྱི་འགྲན་རྩོད་ཆེན་མོ་འདིའི་ཁྲོད། རྩོམ་རིག་གིས་མི་སེམས་ཞི་བ་དང་དྭངས་གཙང་དུ་འགྲོ་བར་ཕྱོགས་སྟོན་དང་མཛུབ་འཁྲིད་ལེགས་པར་གནང་ཐུབ་ཅིང་། ཚིག་གི་རོལ་རྩེད་ཙམ་ཡང་ཞེ་ཐག་པའི་དགའ་མགུ་བསམ་གྱིས་མི་ཁྱབ་པ་ཞིག་མེད་པའི་དབང་དུ་བཏང་ན། འགྲོ་བ་མིའི་རིགས་ནི་ཡར་ནས་ཡར་དུ་འཕེལ་བའི་འཕྲུལ་ཆས་ཀྱི་སྙིང་སྟོབས་དང་ལག་རྩལ་ཞིག་ལས། གཏམ་དང་ཀྱལ་ཀའི་རྩེད་འཇོ། མི་གཞིའི་མཛེས་པ་དང་དང་བདེན་པའི་རྒྱབ་ལངས་སོགས་ཅི་ཡང་མེད་པ་ཞིག་ཏུ་མི་འགྱུར་རམ། ཚོར་བའི་ཉིད་བཅུད་ལས་ཐོན་པའི་ཚིག་གི་སྒྱུ་རྩལ་དང་། སྒྱུ་རྩལ་གྱི་རིགས་དེས་བསྐྱངས་པའི་བསམ་བློའི་དཔའ་གདེང་བཅས་ནི། དེང་རབས་རིག་གནས་གང་གིས་ཀྱང་ཚབ་མི་ལོ་བས་ན། ཁོ་བོས་ཀྱང་སྙན་ངག་བཅས་པ་ནི་དགོས་མཁོ་ཞིག་ལས་ལྡོག་པའི་རང་དབང་གི་ཆོ་ག་ཕྱག་ལེན་བྱེད་སྟངས་ཤིག་ཡིན་ཞེས་སྨྲས་ཀྱང་འགྲིག་པར་སེམས་སོ། །

མཇུག་བསྡུའི་གཏམ།
 
       སྙན་དེབ་འདིར་འཇིག་རྟེན་དུ་འཁྲུངས་པའི་འབྲེལ་ཐོགས་པ་ཀུན་ལ་ཐུགས་རྗེ་རབ་ཏུ་ཆེ་ཞེས་བརྗོད་རྒྱུ་དང་། འཚོ་བའི་འདུ་ལོང་དང་མི་གཤིས་ཀྱི་འགྱུར་བག་ཤིན་ཏུ་རྒོད་པའི་དུས་འདིར། རང་གིས་ཀྱང་སྙན་དེབ་ཀྱི་མཆོད་པ་འདི་འདྲ་ཞིག་མི་ཡུལ་གྱི་ཁམས་འདིར་འཇོག་ཐུབ་པ་བཀྲ་ཤིས་ཉིས་བརྩིགས་ཀྱི་རྟེན་འབྲེལ་ཡོངས་རྫོགས་ཚང་སོང་སྙམ་པའི་སྤྲོ་བ་ཞིག་ཞ་དང་ཞོར་དུ་སྐྱེས་ཡོང་། ཡོད་ཚད་འདོད་ཐོག་ཏུ་རྟ་རྒྱུག་པ་ལྟར་མི་ཡོང་བའི་འཚོ་བའི་ཁ་སྟབས་འདིར་སྙན་ངག་ཅེས་པས་རང་སེམས་ལ་སྡོང་གྲོགས་དང་རང་ལུས་གཡར་པོ་འདིའི་ཕྱི་ནང་གསང་གསུམ་གང་ཞིག་གི་བྱིང་རྨུགས་དང་ང་རྒྱལ། སྡང་བའི་མགོ་མི་ནོན་པ་སོགས་མཉོམ་སྒྲིག་མཐུན་སྦྱོར་གང་ཡག་བྱེད་ཐུབ་པས་ན། སྙན་ངག་ཅེས་པ་ཀུན་ལས་རྩ་ཆེ་ཞིང་ཀུན་ལས་ཡིད་དུ་འོང་བ་ཞིག་རེད་འདུག་བསམ་པ་ཡང་ཡོང་།
       རང་རེའི་ཐ་སྙད་རིག་གནས་ཀྱི་རྣམ་གྲངས་དང་ཁྱབ་ཚད། གཏིང་ཚད།  ལོ་རྒྱུས་བཅས་པར་མུ་མེད་མཐའ་མེད་ཀྱི་བྱང་ཐང་འདིས་དཔེར་འོས་པ་ཞིག་ཡིན་ན་ནི། སྙན་ངག་དང་སྒོས་སུ་དེང་རབས་སྙན་ངག་ནི་ཐང་སྟོང་དེའི་ནང་གི་རྡེའུ་ཞིག་ལྟར་ཁྱབ་ཚད་ཆུང་ལ་འདུས་ཚད་ཀྱང་ཆུང་བ། མངོན་ཆུང་གབ་སྦས་ཤིག་གི་ཚུལ་དུ་གཞིས་ཆགས་པ་གང་ཞིག སྙན་ངག་རང་གི་རང་ལུགས་ཀྱི་བཙན་སར་བཟུང་དེ་བོད་རྩོམ་གྱི་ལྡིང་ཁང་དུ་ཐོན་པ་ཡང་ལོ་བཅུ་ཕྲག་གཉིས་གསུམ་གྱི་ལོ་རྒྱུས་ལས་ལོན་མེད། དེ་འདྲའི་ནར་མ་སོན་པ་ཞིག་དང་ཆ་མ་ཚང་བའི་རྩོམ་ལུས་གང་དེར་སྤྱད་དེ། རང་གི་ཚོར་བ་དང་ཆགས་སྡང་ཕྱིར་ཕྱུང་གི་རྟུལ་ཞུགས་འཛིན་པར། དཀའ་བ་དེ་ལས་འགན་ཁག་ཆེ་བས་ན། སྙན་ངག་ཅིག་འབྲི་སྒང་དང་བྲིས་ནས་གྲུབ་རྗེས། མ་བྲིས་སྔོན་གྱི་བློས་བསླངས་སོགས་ལ་བསམ་རྣོས་བརྡར་ཤ་གཅོད་ཅིང་ཚིག་གི་རྐྱོང་སྐུམ་དང་ཐ་སྙད་ཀྱི་འདམ་གསེས་བཅས་པ་ལྷུན་ཆགས་ཡིད་འོང་གི་རྣམ་ཤེས་སུ་འཕོ་བར་དུས་ཀྱི་ཆ་དང་ཚེགས་ཀྱི་ཆ་མ་ལུས་ཤིན་ཏུ་དཀའ་བར་འདུག་སྟེ། དེ་ཡང“ལུས་ཅན་དག་གི་ལས་རྣམས་ནི། བསྐལ་བ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་མྱུར་དུ་སྨིན་པར་འགྱུར།”ཞེས་གསུངས་པ་ལྟར། ལོ་མང་རྩོམ་རིག་གི་ཆེད་ལས་འདི་ལ་བསླབ་པ་སློབ་གཉེར་གྱི་མཐུན་རྐྱེན་སྦྱོང་མཁན་ཕ་མ་དང་ནང་མི། དྲན་དབང་སྟོང་གི་གཙུག་རྒྱན་དུ་གྱུར་བའི་དགེ་བའི་བཤེས་གཉེན་དག་གི་བཀའ་དྲིན་ནི་སྙན་དེབ་འདིའི་འཚོ་བཅུད་དུ་གྱུར་བའི་ཡིག་ཚོགས་འདི་དག་གི་བླ་རུ་གྱུར་པས། ཁོང་ཚོར་བཀའ་དྲིན་ཆེ་ཞེས་སྙིང་ནས་ཞུ།
       ཁོ་བོས་བསམས་ན། སྙན་ངག་ནི་ཚིག་ཅིག་ཡུན་རིང་ཁོག་ཏུ་ལུས་པའི་རྨ་ཁ་གསོ་ཕྱིར་དང་ཁེ་གྲགས་དང་ཆེ་འདོད་ཀྱི་རྙི་རྒྱ་ལས་ཐར་བའི་ཡུ་མོ་ཁེར་འགྲོ་ཞིག་ལྟར། བརྟན་ཚུགས་དང་ཆིག་ཐུབ་ཀྱི་བསམ་བློའི་མེ་སྟག་ཆེས་ཆེར་མངའ་ཞིང་བདེན་པ་དང་མཛེས་པའི་ཕྱོགས་སུ་འགྲོ་བའི་ཁེར་རྐྱང་གི་གྱད་མི་ཞིག་དང་གཅིག་མཚུངས་སུ་སྣང་ཞེས་བརྗོད་ཀྱང་ཆོག འཇིག་རྟེན་འདིའི་གཡས་གཡོན་ཟ་ཟུར་ཀུན་དུ། འཁོན་འགྲས་ཡོད་ལ་ཆེ་བསྟོད་ཀྱང་ཡོད། ཆགས་སྡང་ཡོད་ལ་ཕལ་བརྒོལ་གྱི་སྙིང་ཁམས་ཆེ་ཞིང་ཆེ་བ་ཡང་སྲིད། གལ་ཏེ། སྙན་ངག་ཅེས་པའི་ཡི་གེའི་སྦྱོར་བས་གྲུབ་པའི་མཛེས་རྟོག་གི་མྱོང་བྱ་འདི་མེད་པའི་དབང་དུ་བཏང་ན། འཚོ་བ་དང་མི་ཚེ་ནི་ཟླ་བོ་མེད་པའི་ཁྱིམ་གྱི་ཆུང་མ་ཞིག་ལྟར། ངང་སྒུག་དང་སུན་སྣང་། སྐྱོ་ཡུས་དང་རེ་ཆད། འུ་ཐུག་དང་གྱེས་གདུང་བཅས་ཀྱིས་རང་སེམས་སྒྱུ་མའི་ཕོ་བྲང་ཡང་ཡང་གཙེས་ཤིང་སྣོན་བཙིར་བྱེད་འོང་པས་ན། རྟེན་གང་གི་ལུས་སུ་བརྫུས་རུང་། ཁྱིམ་གང་གི་གཞིས་སུ་བསྡད་རུང་། ལམ་གང་དུ་བགྲོད་པར་བརྩམས་རུང་། སྙན་ངག་ནི་ཡོད་ན་རྒྱན་སྟེ་མེད་ན་གྱོང་དུ་འགྲོ་བའི་ཚིག་གི་མཆོད་པ་གྲ་རྒྱས་ཤོས་ཤིག་རེད་འདོད།
       མདོར་ན། སྙན་དེབ་ཆུང་ངུ་འདི་སེམས་སུ་འཁྲུངས་བྱེད་ཀྱི་ཀུན་སློང་དང་རྩོལ་བའི་རྒྱུ་སོགས་གཙོས་བྱས་པའི་པར་སྐྲུན་ཁང་དང་མཆེད་གྲོགས་རྡོ་རྗེའི་སྤུན་དུ་གྱུར་བའི་རྩོམ་གྲོགས་ཡོངས་ལ་དྲིན་གཟོའི་ཁ་གཡང་ཡང་ནས་བསྐྱར་དུ་འབོད་རྒྱུ་ཡིན་པ་གང་ཞིག སྙན་ངག་རེ་རེར་རྩོམ་པའི་སྐབས་མི་སྡོད་བཞུར་ནས་འགྲོ་བའི་གཟུགས་མེད་ཀྱི་དུས་ཚོད་རིན་ཆེན་འདི་ལ་ཡང་བཀའ་དྲིན་ཆེ་ཞེས་ཞུའོ། །

རྩོམ་པ་པོ་ངོ་སྤྲོད།
       བྱང་རིགས་སྐལ་རྡོར། དངོས་མིང་ལ་སྐལ་བཟང་རྡོ་རྗེ་ཟེར། འབྲོག་རྟགས་ཚ་ཞིང་གྲོང་ཁྱེར་ལ་མོས་པའི་ཕུང་གསུམ་འབྲོག་ཞིག་ཡིན་ཞེས་བསྙད་ཀྱང་འགྲིག དགུ་བཅུའི་སྟོད་དུ་བོད་ལྗོངས་ནག་ཆུ་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གཤར་ལུང་ཞེས་པའི་ལུང་པ་ཞིག་ཏུ་སྐྱེས། ཆུང་དུས་སྒྲུང་དཔེ་སོགས་ཀྱིས་ལུས་སེམས་ལ་བྱི་དོར་བྱེད་པའི་རྟུལ་ཞུགས་བཟུང་པས། དེ་ལ་དུངས་ཞེན་ཆེ་བའི་ཟོལ་ཀྱང་སྟོན། ཡི་གེ་ཞེས་པའི་ངག་གི་སྦྱོར་བ་འདི་སྦྱངས་པའི་ལོ་ནས་ནང་སེམས་ལ་ལྷོག་ལྷོག་ཏུ་གདུ་བའི་སེམས་བྱུང་གི་ཆ་རྣམས་ཕྱིར་ཕྱུང་གི་སྤོབས་པ་མ་ཉམས་པ་བྱས། ནུབ་བྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་ནས་རྩོམ་རིག་ཆེད་ལས་ཀྱི་བསླབ་གནས་བླངས། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མ་ལུས། སྐད་ཆས་ཕྱིར་མཚོན་གྱི་ཐབས་ལ་འབད་ཅི་ཐུབ་བྱས། རང་བྱུང་གི་པང་ནས་འབྲོག་གླུ་ལེན་པའི་སྣང་བ་ཁོ་ནས་གསར་རྩོམ་གྱི་སྤོབས་པ་དགུང་དུ་བཏེགས། གསར་རྩོམ་གྱི་ལམ་ལ་ཞུགས་ནས་ལོ་ངོ་བཅུ་ཕྲག་ལྷག་འགོར། སྔ་ཕྱིར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«བྱང་ཐང» «སྤང་རྒྱན་མེ་ཏོག» «གངས་རྒྱན་མེ་ཏོག»སོགས་སུ་དཔྱད་རྩོམ་དང་སྙན་ངག སྒྲུང་གཏམ། དཔྱད་བརྗོད་སོགས་སྤེལ། ད་ལྟ་ཅི་ཡང་མེད་པ་འདྲ་བའི་གསར་རྩོམ་གྱི་ལམ་ཁ་ནས་རང་ཉིད་རྙེད་ཐབས་བྱས་ཏེ་ཕ་ཡུལ་ལུང་པའི་མི་གྲལ་དུ་འཚང་ཅི་ཐུབ་བྱས་ནས་བསྡད་ཡོད།
འབྲེལ་ཡོད་འོས་སྦྱོར།