«སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ»པར་སྐྲུན་འགྲེམས་སྤེལ་བྱས་པ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-22
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད་ལས། «སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ»པོད་དྲུག་གི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། གསུང་འབུམ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་དག་སྒྲིག་བགྱིས་པའི་མཚོ་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་དཔེ་རྙིང་དཔེ་ཚོགས་ལས་དེབ་ཕྲེང་དང་པོ་དེ་ཡིན།

གསུང་འབུམ་འདིར་ཨ་རོལ་སྐུ་ཕྲེང་གཉིས་པ་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་ཚང་དང་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་གསུང་རྩོམ་ཕྱོགས་གཅིག་ཏུ་བཏུས་ནས་གླེགས་བམ་དྲུག་གི་བདག་ཉིད་ཅན་དུ་བྱས་ནས་པར་སྐྲུན་གནང་ཡོད་ལ། ནང་དོན་གྱི་ཆ་ནས་ཁོང་རྣམ་པ་གཉིས་ཀྱི་རྣམ་ཐར་གཙོའི་ནང་བསྟན་གྱི་གཞུང་འགྲེལ་དང་། ཆོ་ག་ཆོས་སྤྱོད། གསོལ་འདེབས། གསུང་མགུར་བསླབ་བྱ། བསང་ཡིག བཅའ་ཡིག བསྟོད་རྩོམ་སོགས་ཀྱིས་གྲུབ་ཡོད།

གཞུང་འདི་དག་གི་བྱེད་པོ་ཁོང་རྣམ་གཉིས་ལ་མཚོན་ན་བོད་བརྒྱུད་ནང་བསྟན་རིག་པ་གཙོ་བྱས་པའི་མདོ་རྒྱུད་རིག་གནས་ཡོད་རྒུར་མངའ་བརྙེས་ཤིང་། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་བ། ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་ཀུན་ལ་བྱང་གོམས་ལྡན་པའི་བླ་ཆེན་མཁས་གྲུབ་ཕྱོགས་ལྷུང་བྲལ་བ་ཀུན་གྱིས་ཁས་ལེན་པ་ཞིག་ཡིན་ལ་གསུང་གི་ཆ་ནས་ཀྱང་དཔྱད་གཞིའི་ཁུངས་བཙུན་ལ་ལྟ་བ་ཡང་དག་པ། བརྗོད་བྱའི་དོན་ཟབ་ཅིང་རྗོད་བྱེད་ཚིག་གི་སྦྱོར་བ་ལེགས་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་ལྡན་པས། བོད་རིག་པ་དང་སྒོས་སུ་ནང་བསྟན་གཞུང་ལ་ཞིབ་འཇུག་དང་ཐོས་བསམ་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཏུ་ངེས་སོ། །

འབྲེལ་ཡོད་འོས་སྦྱོར།