logo

དགེ་རྒན་ཆེན་མོ་བཀྲ་བྷའི་དེབ་གསར་གཉིས་སྒོར་ཐོན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-04 ཀློག་གྲངས།:
       ཉེ་ལམ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷ་ལགས་ཀྱིས་རྩོམ་གནང་མཛད་པའི«བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ»ཞེས་པ་དང་། «རྩོམ་རིག་ཕུ་བརྗོད་མདོ་བརྗོད»ཅེས་པ་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འཕྲུལ་པར་ལ་བཏབ་བྱུང་ལ། མི་འགྱངས་པར་རྩོམ་རིག་ལ་མོས་པ་ཡོད་པའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབྱོར་ཡོང་།
       «བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ»ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་ལས་གཞི་སྟེ«བོད་ཀྱི་ལྷ་རབས་འཚོལ་སྒྲིག་དང་ཞིབ་འཇུག»ཅེས་པའི་འབྲས་རྟགས་སུ་བརྩམས་པ་ཡིན་ལ། ལས་གཞི་འདི་ཉིད་གཉེར་སྐབས། དགེ་རྒན་ཆེན་མོ་བཀྲ་བྷ་ལགས་ཀྱིས་དཔེ་དེབ་དང་དམངས་ཁྲོད་གཉིས་ཀར་ལྷ་རབས་བཞི་བརྒྱ་ལ་ཉེ་བ་ཙམ་འཚོལ་བསྡུ་བྱས་པ་དང་། ལྷ་རབས་དེ་དག་ལ་ཞིབ་འཇུག་ཞིབ་ཕྲ་བྱས་པ་བརྒྱུད་དེ་ངོས་ཟིན་རབ་དང་རིམ་པ་བྱུང་རྗེས། ཞིབ་འཇུག་གི་ངོས་ལྟར“སྲིད་པ་གྲོལ་ལུགས་ལ་བརྟགས་ཏེ་ལྷ་རབས་དར”ལུགས་དང་། “མེས་པོའི་ལོ་རྒྱུས་འུད་ཀྱིས་བརྗོད་དེ་ལྷ་རབས་དར”ལུགས། “ལྷ་ཚོགས་གྲོལ་ཏེ་ལྷ་རབས་དར”ལུགས། “བན་ཆོས་བོད་ལ་དར་ཏེ་ལྷ་རབས་འཕེལ”ལུགས་རྣམས་དམིགས་སུ་བཟུང་སྟེ། བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་དེ་གོ་རིམ་གསལ་བ་དང་ཞིབ་ཆ་ཡོད་པའི་སྒོ་ནས་བསྟན་ཡོད།
       «རྩོམ་རིག་ཕུ་བརྗོད་མདོ་བརྗོད»ཅེས་པ་ནི་རྩོམ་རིག་གླེང་སྐབས་བྲིས་པའི་འབོལ་རྩོམ་དང་། རིག་གཞུང་དཔྱད་རྩོམ་དང་། རྩོམ་རིག་དཔྱད་བརྗོད་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་ཅིག་ཡིན་ལ། བཀྲ་བྷ་ལགས་ཀྱིས་རྩོམ་རིག་གསར་རྩོམ་ལ་བཅངས་པའི་དུངས་སེམས་དང་། རྩོམ་རིག་ཞིབ་འཇུག་ལ་བྱུང་བའི་གྲུབ་འབྲས་འབའ་ཞིག་དེབ་འདི་ལས་རྟོགས་ཐུབ།
       བཀྲ་བྷ་ནི་ད་ལྟ་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཡིན་ལ། སྔ་ཕྱིར་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག གླུ་ཚིག འཁྲབ་གཞུང་། རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་ཉིས་བརྒྱ་ལྷག་བརྩམས་པ་མ་ཟད། ད་དུང་རིག་གཞུང་ཞིབ་འཇུག་ལ་གཏོགས་པའི་དཔེ་དེབ་བདུན་དང་། བསླབ་དེབ་གསུམ་དང་། སྒྲུང་གཏམ་དེབ་བདུན་པར་སྐྲུན་བྱས།

རྩོམ་པ་པོ་ངོ་སྤྲོད།
       བཀྲ་བྷ། འབུམ་རམས་པ། སྤྱི་ལོ1963ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་སྐྱེས་པ་དང་། ཕོ་ལོ13ལ་སོན་སྐབས་ད་གཟོད་སློབ་གྲྭར་ཞུགས་པའི་གོ་སྐབས་བྱུང་། སྤྱི་ལོ1986ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་སོང་སྟེ་གསར་འགྱུར་གྱི་ལས་རིགས་གཉེར། སྤྱི་ལོ1998ལོ་ནས་བཟུང་སྟེ་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་བསླབ་གནས་གཉེར་བ་དང་། སྤྱི་ལོ2001ལོར་སློབ་མཐར་ཕྱིན་རྗེས། ཀྲུང་དབྱང་མི་རིགས་སློབ་ཆེན་ལ་ལས་བགོས་བྱས་ཏེ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར། ད་ལྟ་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཡིན།
       བཀྲ་བྷས་སྤྱི་ལོ2001ནས་སྤྱི་ལོ2023ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བྱེད་སྐབས། དངོས་གཞི་སློབ་མ་རྣམས་ལ«བོད་ཀྱི་རྩོམ་རིག་ལོ་རྒྱུས» «རྩོམ་པ་ལ་འཇུག་པའི་འཇུག་པའི་སྒོ» «སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ» «གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ»སོགས་ཁྲིད་པ་དང་། སྒོས་སུ«སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ»ཞེས་པ་ཁྲིད་སྐབས། ན་གཞོན་རྩོམ་པ་པོ་བཅུ་ལྷག་སྐྱེད་སྲིང་བྱས། སྤྱི་ལོ2008ལོར་ཤེས་རམས་པའི་མཛུབ་སྟོན་དགེ་རྒན་དང་སྤྱི་ལོ2017ལོར་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་ཐོབ་ཐང་བྱུང་རྗེས། ཤེས་རམས་པ56དང་འབུམ་རམས་པ11བསྐྱེད་སྲིང་བྱས། བཀྲ་བྷས་སྔ་ཕྱིར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག གླུ་ཚིག འཁྲབ་གཞུང་། རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་ཉིས་བརྒྱ་ལྷག་བརྩམས་པ་མ་ཟད། ད་དུང«སྒྲོལ་མ་ཉེར་གཅིག»དང«འཚུབ་མ་ཁེར་རྐྱང» «སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས» «བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས» «བྱ་ལེན་མ» «རླུང» «བོན་གྱི་ལྷ་རབས་ལ་དཔྱད་པ» «ཁྲི་འདུས་སྲོང་གི་མགུར་གླུ་ལ་དཔྱད་པ» «རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ» «སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ» «བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ» «རྩོམ་རིག་ཕུ་བརྗོད་མདོ་བརྗོད» «རྩོམ་པ་ལ་འཇུག་པའི་སྒོ» «གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ» «སློབ་ཆེན་རྩོམ་རིགས»སོགས་སྒྲུང་གཏམ་དང་། རིག་གཞུང་ཆེད་དེབ། སློབ་དེབ་སོགས་པར་སྐྲུན་བྱས་པ་དང་། བརྩམས་ཆོས་འགའ་ཞིག་ཧྥ་རན་སི་དང་། དབྱིན་ཇུ། ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར།
       བཀྲ་བྷའི་རྩོམ་རིག་བརྩམས་ཆོས་རྣམས་ལས་སྒྲུང་འབྲིང«ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ»ཞེས་པར་ མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་པ་དང་། སྒྲུང་འབྲིང«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས»དང«ནས»གཉིས་ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། སྤྱི་ལོ2012ལོར་སྒྲུང་འབྲིང་ཕྱོགས་བསྒྲིགས«འཚུབ་མ་ཁེར་རྐྱང»ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བྱ་དགའ་བཅས་ཐོབ། དེ་མིན། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་གཉེར་སྐབས། སྔ་གཞུག་ཏུ་འཇར་མིན་དང་། དབྱིན་ཇུ། ཁཱ་ན་ཏ། ཉི་ཧོང་སོགས་ལ་ཕྱིན་ཏེ་རིག་གཞུང་གྲོས་ཚོགས་ལ་ཞུགས་པ་མ་ཟད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི་སྟེ«བོད་ཀྱི་ལྷ་རབས་བསྡུ་སྒྲིག་དང་ཞིབ་འཇུག»ཅེས་པ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི«མདོ་དབུས་མཐོ་སྒང་གི་མི་རིགས་སོ་སོའི་ལྷ་རབས་འཚོལ་བསྡུ་དང་ཞིབ་འཇུག»ཅེས་པ་གཙོ་སྐྱོང་བྱས། བཀྲ་བྷས་རྩོམ་རིག་གསར་རྩོམ་དང་། རྩོམ་རིག་ཞིབ་འཇུག རྩོམ་རིག་སློབ་ཁྲིད་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པའི་རྐྱེན་གྱིས། སྤྱི་ལོ2013ལོར་པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2014ལོར་པའོ་ཀང་ཕུལ་བྱུང་དགེ་རྒན་ལས་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་ཐོབ་པ་ཡིན་ནོ། །

ནང་དོན་ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།