logo

«འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས»(འདོན་ཐེངས་གཉིས་པ)པར་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2025-11-19 ཀློག་གྲངས།:
རྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་སྟེ«འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས»(འདོན་ཐེངས་གཉིས་པ)པར་སྐྲུན་འགྲེམས་སྤེལ་བྱས་པ།
 
       ཉེ་ཆར“ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི«འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས»(འདོན་ཐེངས་གཉིས་པ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       བོད་འགྱུར་དཔེ་ཚོགས་འདི་ལ་ཁྱོན་དེབ༡༠ཡོད་ཅིང་། «པཱ་ལི་འཕགས་མའི་ལྷ་ཁང»དང་«དམར་པོ་དང་ནག་པོ» «འདས་ལོག» «ལྗན•ཨེར»སོགས་ཀྱིས་མཚོན་པའི་སྒྲུང་རིང་དེབ༡༠ལས་གྲུབ། འདིར་འཁོད་པའི་བརྩམས་ཆོས་དག་ནི་འཛམ་གླིང་རྩོམ་སྟེགས་སུ་མཚན་སྙན་འབར་བའི་རྩོམ་མཁན་གྲགས་ཅན་ཨུ་ཀོ་དང་། སི་ཐང་ཏ། ལེ་ཧྥུ•ཐྲོར་སི་ཐེ། ཧྲ་ལོ་ཐྲི•བྷི་རོན་ཐྲི། ཧོ་ནོ་རེ•དེ•བལ་ཟག། ཇེན•ཨོ་ཋིན། ལྕམ་ཟི་ཏྲོ། ཡོ་ཧན•སི་ཐན་པེ་ཁོ། ཐོ་མཱ་སེ•ཧར་ཐེ། ཀུའོ་ཀོ་ལི་སོགས་ཕྱི་གླིང་རྩོམ་རིག་གི་དེད་དཔོན་དུ་ཁས་འཆེས་པ་དག་གི་འཐུས་ཚབ་བརྩམས་ཆོས་སམ། འཛམ་གླིང་རྩོམ་རིག་གི་གར་སྟེགས་སུ་ཀུན་གྱིས་ཚད་མར་འཛིན་པའི་རྩོམ་རིག་བརྩམས་ཆོས་འབའ་ཞིག་ཡིན། «འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས»(འདོན་ཐེངས་དང་པོ)ནི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་ཡིན་པ་དང་། ཁྱོན་དེབ༢༠ཡོད་ཅིང་། ༢༠༢༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། ཐེངས་འདིའི་སྒྲུང་རིང་དེབ༡༠ཡི་བོད་འགྱུར་ལོ་ཙཱ་བ་ཕལ་ཆེ་བ་ནི་བོད་འགྱུར་དཔེ་ཚོགས་ཁག་དང་པོའི་ལོ་ཙཱའི་བྱ་བར་ཞུགས་མྱོང་བ་དང་། ཁོང་ཚོ་ནི་བོད་ཀྱི་རྩོམ་རིག་གསར་རྩོམ་དང་སྐད་གཉིས་ལོ་ཙཱའི་སྡེ་རུ་སྐད་གྲགས་ཆེ་ཞིང་གྲུབ་འབྲས་འབུར་དུ་ཐོན་པའི་རྩོམ་པ་པོ་དང་ལོ་ཙཱ་བ་འབའ་ཞིག་ཡིན་ལ། ཁོང་ཚོ་ནི་རང་གི་རིག་གནས་ལ་གློ་བ་དཀར་ཞིང་སྐད་གཉིས་ཀྱི་ལོ་ཙཱའི་བྱ་བ་ལ་གཟབ་ནན་གྱིས་འཇུག་པའི་གཤིས་ཀ་ལྡན་ཕྱིར། འགྱུར་ཡིག་གི་ཚིག་ཉམས་དང་དོན་ཉམས་སོགས་གང་ཅིའི་ཐད་ནས་མ་རྩོམ་དང་ཉེ་བར་བཅར་ཡོད་པས། ཆེད་མཁས་པ་དང་ཀློག་པ་པོ་ཀུན་གྱིས་ཁོང་ཚོའི་འགྱུར་མར་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད།
       «འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས»ནི་རྒྱལ་ཁབ་བཙུགས་པའི་ཚུན་ལ་འཛམ་གླིང་གི་རྩོམ་རིག་གྲགས་ཅན་གཅིག་བསྡུས་ངང་ཡིག་སྒྱུར་དང་པར་སྐྲུན་བྱས་པའི་རིག་གནས་འཛུགས་སྐྲུན་གྱི་བྱ་བ་རླབས་ཆེན་ཞིག་ཡིན་ལ། ཕྱི་རྒྱལ་གྱི་རྩོམ་རིག་གྲགས་ཅན་བོད་འགྱུར་བྱེད་པའི་ལས་ཀའི་རྨང་འདིང་བའི་བཟོ་སྐྲུན་ཞིག་ཀྱང་ཡིན། དཔེ་ཚོགས་འདིར་དེབ་གྲངས་མང་ཞིང་སྤུས་ཀ་ལེགས་པས། ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་འགྱུར་མའི་དཔེ་སྐྲུན་གྱི་རྩེ་མོར་སོན་ཡོད་ཅེས་བཤད་ཆོག འདི་ནི་བོད་ཀྱི་རྩོམ་རིག་དང་ལོ་ཙཱ། དཔེ་སྐྲུན་བཅས་ལས་རིགས་གསུམ་པོས་སྟོབས་ཤུགས་མཉམ་སྒྲིལ་གྱིས་བཞེངས་སྐྲུན་བྱས་པའི་རིག་གནས་ཀྱི་ཕོ་བྲང་བརྗིད་ཆགས་པོ་དེ་ཡིན། དཔེ་ཚོགས་འདི་པར་དུ་བསྐྲུན་པས་ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་ཀྱི་ཀློག་པ་པོའི་ཁྲོད་དུ་ཁྱབ་གདལ་དུ་ཕྱིན་ནས་གཞན་རིགས་ཀྱི་ལེགས་རྩོམ་ལ་མྱོང་རོལ་བྱེད་པའི་རེ་འདོད་བསྐང་བ་དང། རིག་གནས་འབྲེལ་འདྲིས་ཀྱི་བགྱི་བ་གཏིང་ཟབ་ཏུ་གཏོང་བ། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་དང་བོད་ཀྱི་རྩོམ་རིག་ལས་དོན་ཡར་རྒྱས་གོང་འཕེལ་འགྲོ་བ་བཅས་ཀྱི་ཐད་དགེ་མཚན་བླ་མེད་གདོན་ཐུབ་པ་ཡིན་ནོ། །

«ཞེ་སྡང་གིས་འབར་བའི་རྒུན་འབྲུམ»【ཨ་མེ་རི་ཁ】ཡོ་ཧན•སི་ཐན་པེ་ཁོས་བརྩམས། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བསྒྱུར།
       སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཨུ་ཡོན་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལིས་ཧྲི་བཅས་ཡིན། ལུའུ་ཞུན་རྩོམ་རིག་གླིང་གི་གཞོན་དར་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས33པ་བཅས་འགྲིམས། 2013ལོར་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་ན་གཞོན་རྩོམ་པ་པོའི་གསར་རྩོམ་ཚོགས་ཆེན་དུ་ཞུགས། སྔ་གཞུག་ཏུ«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མི་རིགས་ཀྱི་རྩོམ་རིག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར»སོགས་བོད་ཡིག་གི་དུས་དེབ་དང་། དེ་མིན་རྒྱ་ཡིག་གི«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག» «སྙན་ངག་ཟླ་དེབ» «ཧྲའན་ཞིའི་རྩོམ་རིག» «ཡེ་ཚའོ»སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་མང་པོ་སྤེལ་མྱོང་། བརྩམས་ཆོས་ལ་འབོལ་རྩོམ་དེབ«བསམ་གཞིག་གི་ཁ་དོག»དང་སྙན་དེབ«དིང་གླིང་ཁེར་འབུད» སྒྲུང་རིང་དེབ«མར་ངོའི་ཟླ་བ» སྒྲུང་ཐུང་དེབ«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»དང«བྱ་ཞིག་ཡིན་ན་བསམས་བྱུང» «གྲོ་ཞིང་ཁ» སྒྲུང་འབྲིང་དེབ«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ» འགྱུར་དེབ«ཕ་རི་སིའི་འཕགས་མའི་ཆོས་གྲྭ»དང«འཇིག་རྟེན་འདི་རྒུད་པའི་གཡང་དུ་ལྷུང» «པའེ་ཀྲན་ཐིང་བཙན་རྒྱལ» «གཡུ་ཆུང་དྲུག་དཀར» «དབྱང་ཚང་གི་དམག་དཔོན»སོགས་པར་སྐྲུན་བྱས་ཡོད་ཅིང་། བརྩམས་ཆོས་ཁག་ཅིག་ཉི་ཧོང་གི་སྐད་སོགས་ཕྱི་ཡིག་ཏུ་ཡང་བསྒྱུར་ཡོད། “སྦྲང་ཆར་སྨྱུག་གསར་བྱ་དགའ”དང“སྦྲང་ཆར་རྩོམ་རིག་བྱ་དགའ” “བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའ” “མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ” “གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ” “གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ” “ཟླ་ཟེར་རྩོམ་རིག་བྱ་དགའ” “མི་རིགས་ཀྱི་རྩོམ་རིག་ལོ་འཁོར་བྱ་དགའ”སོགས་ཐོབ་མྱོང་། 2022ལོར་མཚོ་སྔོན་ཞིང་ཆེན“ཁུ་ནུ་ཤེས་ལྡན་པ·རྩེར་སོན་གསར་གཏོད་ལས་གཏོད་ཤེས་ལྡན་པ”ཡི་ཤེས་ལྡན་རྩེ་གྲའི་མི་སྣར་བདམས། སྔ་གཞུག་ཐེངས་གསུམ་ལ་རྟ་མཆོག་རྩོམ་རིག་བྱ་དགའི་འོས་མིང་དུ་ཚུད།

«ཁེངས་དྲེགས་དང་ཕྱོགས་ལྷུང»【དབྱིན་ཇི】ཇེན•ཨོ་ཋིན་གྱིས་བརྩམས། རྒན་གོང་ཨོ་རྒྱན་རྡོ་རྗེས་རྒྱ་ཡིག་ནས་བསྒྱུར།
       རྒན་གོང་ཨོ་རྒྱན་རྡོ་རྗེ། སྨྱུག་མིང་ལྗང་གཞོན། བོད་ལྗོངས་གྲ་ནང་རྫོང་དུ་སྐྱེས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདྲི་བ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གྱི་ཆེད་ལས་མཁས་པའི་མིང་མཛོད་ཀྱི་ཆེད་ལས་མཁས་པ། ལྷོ་ཁ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་ཞིབ་དཔྱད་ཚོགས་ཆུང་གི་ཁོངས་མི་སོགས་ཡིན། སྔ་ཕྱིར་ལྷོ་ཁ་ལྷུན་རྩེ་རྫོང་སློབ་འབྲིང་གི་དགེ་རྒན་དང་། «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»གྱི་གཙོ་སྒྲིག་པ། ལྷོ་ཁའི་གནའ་ཤུལ་རིག་གནས་མྱུར་སྐྱོབ་གཞུང་དོན་ཁང་གི་ཀྲུའུ་རེན། ལྷོ་ཁའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ། ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར། ད་བར་སྙན་དེབ«ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ»དང«མཐོ་སྒང་གི་ཁ་བ»ལྷུག་རྩོམ་ཕྱོགས་བསྒྲིགས«མྱུལ» འགྱུར་དེབ«ཇ་ཤིང་མེ་ཏོག་མ»དང«ལུའོ་ཧྲེང་སྒོ་མོ» «ཕེ་ཏེ་ལོ•པཱ་ལཱ་མུ» དེ་མིན«ལྷོ་ཁའི་གྲགས་ཅན་མི་སྣ་རིམ་བྱོན་གྱི་མཚན་མཛོད»སོགས་དཔེ་དེབ་ཁག18པར་སྐྲུན་བྱས། སྙན་ངག«མཐོ་སྒང་གི་རླུང»དང«གངས་ལྗོངས་ཀྱི་གཏམ་རྒྱུད»སོགས་རྒྱ་ཡིག་དང་ཧྥ་རན་སིའི་ཡི་གེར་བསྒྱུར། སྙན་ངག«ངས་ཁྱེད་ལ་ཁ་རྡུང་གཏོང»སོགས་སོ་སོར་སློབ་ཆེན་དང་སློབ་འབྲིང་བཅས་ཀྱི་བསླབ་གཞིར་འཁོད། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་། བོད་ཀྱི་ལོ་བཅུའི་རྩོམ་རིག་གྲུབ་འབྲས་ཀྱི་བྱ་དགའ། རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཀྱི“རྟ་མཆོག་བྱ་དགའ།” བོད་ཀྱི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་མཚན་སྙན་བྱ་དགའ། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་ཕྱོགས་བསྡུས་ལས་དོན་གྱི་ལེགས་སྐྱེས་བྱ་དགའ། རྒྱལ་ཡོངས་རིག་རྩལ་ལྷན་ཚོགས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སོགས་ཐོབ། བོད་འགྱུར«ཇ་ཤིང་མེ་ཏོག་མ»ལ་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྩོམ་རིག་འགྱུར་རྩོམ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ། ལྷུག་རྩོམ«ལྐོག་གྱུར་གྱི་གྲོག་རོང»ལ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་ཐོབ། སྙན་ངག«མི་རིགས་མཐུན་སྒྲིལ་ལ་བསྟོད་པ»ཞེས་པར་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ནམ་ཡང་ཏང་གི་རྗེས་སུ་འགྲོ། དམངས་ཡོངས་ཀྱིས་དཔེ་ཀློག་རྩོམ་བསྡུའི་བྱ་དགའ་རིམ་པ་དང་པོ”ཐོབ། བོད་འགྱུར«ལུའོ་ཧྲེང་སྒོ་མོ»ལ་བོད་རང་སྐྱོང་ལྗོངས་ཕུལ་བྱུང་རྩོམ་རིག་འགྱུར་རྩོམ་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ།

«འདས་ལོག»【ཨུ་རུ་སུ】ལེ་ཧྥུ•ཐྲོར་སི་ཐེས་བརྩམས། བཀྲ་ཤིས་དཔལ་ལྡན་གྱིས་རྒྱ་ཡིག་ནས་བསྒྱུར།
       བཀྲ་ཤིས་དཔལ་ལྡན། བོད་ལྗོངས་གཙང་རིན་སྤུངས་ཀྱི་མི། མཐོ་རིམ་རྩོམ་སྒྲིག་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་འཁུར་མྱོང་། ད་ཆ་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདྲི་ས་དང་། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་གི་ཁོངས་མི་དང་། བོད་རང་སྐྱོང་ལྗོངས་ཐ་སྙད་སྐད་བཅད་ཨུ་ལྷན་གྱི་ཆེད་མཁས་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྩོམ་རིག་གི་ཞིང་སར་སོ་ནམ་བྱེད་མགོ་ཚུགས་ཤིང་། སྔ་རྗེས་སུ«བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ»དང་། «ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས» «རྒྱུད་སྐུད་སྟེང་གི་རྣམ་ཤེས» «རི་མགོ་མཐོན་པོའི་ཉི་མ» «བྲག་ཆ»ལ་སོགས་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་ནས་བོད་རིགས་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག 1992ལོར་སྒྲུང་གཏམ་རིང་གྲས«ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག»ཅེས་པ་པར་སྐྲུན་བྱས། སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ“རྟ་མཆོག་བྱ་དགའ” རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ“ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ”ཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ། གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐོབ། བརྩམས་ཆོས་སྐོར་ཞིག་རྒྱ་ཡིག་དང་དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་། «རི་མགོ་མཐོན་པོའི་ཉི་མ»ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད། གཞན་ཡང«བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་ཐུང་བདམས་བསྒྲིགས»དང་། སྒྲུང་འབྲིང་བདམས་བསྒྲིགས«རྒྱུད་སྐུད་སྟེང་གི་རྣམ་ཤེས» ལྷུག་རྩོམ་ཕྱོགས་བསྒྲིགས«ས་སྲོས་ཀྱི་འཆར་སྒོ» དོན་བརྗོད་ལྷུག་རྩོམ་རིང་གྲས«དགུན་གཞུང་རིང་མོ»སོགས་པར་སྐྲུན་བྱས། རྒྱ་བོད་ཡིག་སྒྱུར་གྱི་བརྩམས་ཆོས་གྲས་སུ«ལྕམ་ཆུང་བྷོ་ཝ་རིའི་གཏམ་རྒྱུད»དང་། «འཇིག་རྟེན་ལུགས་ཀྱི་བསྟན་བཅོས»སོགས་ཁག་ཅིག་ཡོད།

«གཤིན་པོའི་རྣམ་ཤེས»【ཨུ་རུ་སུ】ཀུའོ་ཀོ་ལིས་བརྩམས། བུ་ཚེ་རིང་རྒན་པས་རྒྱ་ཡིག་ནས་བསྒྱུར།
       བུ་ཚེ་རིང་རྒན་པ། 1968ལོར་གཙང་ཁུལ་ཕག་རི་གྲོང་རྡལ་གྱི་ལྡིང་གོང་ཞེས་པའི་ཞིང་པའི་དུད་ཚང་ཞིག་ཏུ་སྐྱེས། 1989ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སྔ་རྗེས་སུ་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཁག་ཏུ་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག གཞས་ཚིག དཔྱད་གཏམ་བཅས་བརྩམས་ཆོས་མི་འདྲ་བ་བཞི་བརྒྱ་ཙམ་སྤེལ་བ་དང་། «ཆུ་མིག་དགུ་སྒྲིལ»དང«ལོ་ཟླའི་རི་མོ» «ཀྱག་ཀྱོག་གི་མི་ཚེ» «མཁའ་མཐའི་སྨུག་སྤྲིན» «ཚེ་གང་གི་ལས་འཕྲོ» «ལ་རྒྱབ་ཀྱི་རླུང་བ» «འབད་འཐབ»བཅས་བརྩམས་སྒྲུང་རིང་གྲས་ཁག་བདུན་དང་། «རྩྭ་ཐང་གི་བུ་མོ། རྩྭ་ཐང་གི་གཏམ་རྒྱུད»དང«མེ་ཏོག་ལྟ་བུའི་ནམ་ཟླ»ཞེས་པའི་ལྷུག་རྩོམ་དེབ་གཉིས། «གྲོང་ཚོའི་གཏམ་རྒྱུད»ཅེས་པའི་བརྩམས་སྒྲུང་འབྲིང་བ་དང་ཐུང་བའི་དེབ་གཅིག་བཅས་པར་སྐྲུན་བྱས། བརྩམས་སྒྲུང་རིང་གྲས«ཆུ་མིག་དགུ་སྒྲིལ»ལ་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ་དང་། བརྩམས་སྒྲུང་རིང་གྲས«ལོ་ཟླའི་རི་མོ»དང«ཚེ་གང་གི་ལས་འཕྲོ»གཉིས་ལ་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོ་དང་སྐབས་གཉིས་པའི་ཡར་ཀླུང་གཙང་པོའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ། ལྷུག་རྩོམ«དྲན་པས་མ་ཟིན་པའི་སྐྱིད་གྲོང»ལ་སྐབས་བཅུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ལྷུག་རྩོམ«བྲེལ་བ་མ་ལང་དལ་ཙམ་གནང་རོགས»ཞེས་པར“རྨ་གཡང་རྟགས་མའི”འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། ལྷུག་རྩོམ«ར་སྤུའི་འོར་རྡོ་ར་ཡི་མཇིང་པར་ཕོག»ཅེས་པར་སྦྲང་ཆར་རྩོམ་སྒྲིག་ཁང་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་མཉམ་གཉེར་བྱས་པའི“བྱང་ཐང”རྟགས་མའི་བྱ་དགའ་ཐོབ། ལྷུག་རྩོམ«ཇོ་མོ་གླང་མའི་སྙིང་གཏམ»ལ«གངས་དཀར་རི་བོའི»2018ལོའི་ཕུལ་བྱུང་ལྷུག་རྩོམ་བྱ་དགའ་ཐོབ། བརྩམས་སྒྲུང«རྒྱབ་དང་མདུན»ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་བྱ་དགའ་ཨང་གཉིས་པ་ཐོབ། གཞན་ཡང་ཡིག་སྒྱུར་ཐད«སྐྱེད་ཚལ་ནུབ་མའི་གཏམ་རྒྱུད»དང«ནུབ་ཁང་གི་གཏམ་རྒྱུད» «རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད» «པད་མའི་སིལ་ཁང» «ཐོག་ཁང་དམར་པོའི་རྨི་ལམ»བཅས་ཀྲུང་གོའི་གནའ་རབས་ཀྱི་ཕུལ་བྱུང་ཚོན་རིས་ཟློས་གར་བརྩམས་སྒྲུང་ཁག་ལྔ་དང«ཡོ་རོབ་ཀྱི་ལོ་ངོ་ཅུའི་དམག་འཁྲུག» «ཀྲུང་གོའི་གནའ་བོའི་གསར་གཏོད་ཆེན་པོ་བཞི» «ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་བརྩམས་ཆོས་ལེགས་བསྡུས»བཅས་བསྡོམས་པའི་དེབ་དགུ་པར་སྐྲུན་བྱས་ཡོད།

«པཱ་ལི་འཕགས་མའི་ལྷ་ཁང»【ཧྥ་རན་སི】བེ་ཁི་ཏོ•ཨུ་ཀོས་བརྩམས། མི་ལ་ཙི་ཙིས་རྒྱ་ཡིག་ནས་བསྒྱུར།
       ཕུན་ཚོགས་རྒྱལ(སྨྱུག་མིང་། མི་ལ་ཙི་ཙི)། སྔ་ཕྱིར་སློབ་ཆུང་དགེ་རྒན་དང་སྙན་ངག་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་། 2008ལོར་སྙན་ངག་དཔྱད་བརྗོད་ལ་བརྟེན་ཏེ་སྐབས་བདུན་པའི«གངས་རྒྱན་མེ་ཏོག»རྩོམ་རིག་བྱ་དགའ་ཐོབ། ལྷུག་རྩོམ་དེབ«རང་གཤིས་གདུང་འབོད»དང«རྡོ་ལྕགས་གཙུབ་བརྡར» སྒྲུང་ཐུང་ཕྱོགས་བསྒྲིགས«སྟག་མོ་རོང་གི་ཟམ་པ» བསྒྱུར་རྩོམ་དེབ«འགྲུལ་བཞུད་ལམ་གྱི་ཤུགས་གླུ» «ཤོག་བྱའི་རྗེས་སྙེག་མཁན» «འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང»(དེབ་བདུན) «པཱ་ལི་འཕགས་མ་ལྷ་ཁང» «ཡའོ་ཧྥེའི་མི་ཚེའི་གཏམ་རྒྱུད»སོགས་པར་དུ་བསྐྲུན།

«ཨ་ཁུ་ཐམ་མུ་ལགས་ཀྱི་ཤག་ཆུང»【ཨ་མེ་རི་ཁ】ལྕམ་ཟི་ཏྲོ་ཡིས་བརྩམས། བྱ་གཞུང་དབྱངས་བྷས་རྒྱ་ཡིག་ནས་བསྒྱུར།
       བྱ་གཞུང་དབྱངས་བྷ། མདོ་སྨད་བྱང་རྒྱུད་ཀྱི་ཞིང་གྲོང་ཞིག་ཏུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་ནས་རྩོམ་རིག་རབ་འབྱམས་དམ་བཅའ་བཞག རྩོམ་རིག་གཞུང་ལུགས་ཞིབ་འཇུག་དང་གསར་རྩོམ་གྱི་ལས་ལ་གཞོལ་ནས་ལོ་མང་འདས། ད་ལྟ་ལྷ་ས་དགེ་འོས་སློབ་ཆེན་གྱི་རྩོམ་རིག་དགེ་རྒན་ཡིན། བརྩམས་འབྲས་ལ།«རྩོམ་རིག་དང་མི»དང«སྙན་གཞུང་གཡུང་དྲུང་མ»སོགས་བརྩམས་བསྒྱུར་བསྒྲིགས་གསུམ་བྱས་པའི་དེབ་པོད་བདུན་དང་། རྩོམ་ལུས་སྣ་ཚོགས་པའི་རྩོམ་རིག་བརྩམས་ཆོས་དང་དཔྱད་རྩོམ་མང་དུ་མཆིས་སོ། །

«ལྗན•ཨེར»【དབྱིན་ཇི】ཧྲ་ལོ་ཐྲི•བྷི་རོན་ཐྲིས་བརྩམས། ཚེ་དབང་རྣམ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།
       ཚེ་དབང་རྣམ་རྒྱལ། 1988ལོའི་ཧོར་ཟླ12པར་མདོ་སྨད་ཁྲི་ཀར་སྐྱེས། བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ད་ལྟ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་དགེ་རྒན་གྱི་ལས་ཀར་ཞུགས་ཡོད། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་སུ་སློབ་གཉེར་བྱས། རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་ཁག་ཅིག«སྦྲང་ཆར»དང«ཀྲུང་གོའི་བོད་རིག་པ»སོགས་སུ་འཁོད་ཡོད་ལ། སྒྲུང་ཐུང་ཕྱོགས་བསྒྲིགས«ཨ་ཕ་ཆང»དང«ཁྭ་ཏ» སྒྱུར་དེབ«རིག་རྩལ་བསྐྱར་དར་སྐབས་ཀྱི་ཡོ་རོབ་ནུབ་མའི་རྩོམ་རིག» «ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ» «ལྗན·ཨེར»བཅས་པར་དུ་བཏབ། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཅིག་ལ་འགན་ཁུར་ཡོད།

«ཨུ་ཇེ་ནེ•ག་རན་དེད། སྤོ་རྟོ་གོ་རི་ཡོ»【ཧྥ་རན་སི】ཧོ་ནོ་རེ•དེ•བལ་ཟག་གིས་བརྩམས། ཚེ་རིང་བསམ་འགྲུབ་དང་མེ་ཏོག་སྐྱིད་གཉིས་ཀྱིས་རྒྱ་ཡིག་ནས་བསྒྱུར།
       ཚེ་རིང་བསམ་འགྲུབ། 1974ལོར་མཚོ་སྔོན་པོ་རྐང་ཚའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་བྱས་མྱོང་། ད་ལྟའི་བར«ཕྱིང་ལྭ་དཀར་པོ»ཞེས་པའི་སྒྲུང་དེབ་གཅིག་དང་། «གྲོ་ཞིང་ཁའི་སྲུང་མ»སོགས་འགྱུར་དེབ་རེ་གཉིས། «མདོ་སྨད་རྐང་ཚའི་ཡུལ་གྱི་ངག་རྩོམ་དེབ་ཕྲེང»(འཚོལ་སྒྲིག)དེབ་གསུམ་སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ད་ལྟ་རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་རུ་ལས་ཀ་གཉེར་མུས་ཡིན།
       མེ་ཏོག་སྐྱིད(ཁ་བ་ལྷ་མོ)། མཚོ་སྔོན་པོའི་ནུབ་ཕྱོགས་བོང་སྟག་ཅེས་པའི་འབྲོག་སྡེ་རུ་སྐྱེས། རྩོམ་རིག་རབ་འབྱམས་པ། ད་ལྟའི་བར་སློབ་འབྲིང་དགེ་རྒན་གྱི་ལས་ཀ་གཉེར། ལས་ཀའི་ཞོར་དུ«གངས་རྒྱན་མེ་ཏོག»དང«སྦྲང་ཆར»སོགས་དུས་དེབ་སྟེང་སྙན་ངག་གཙོར་བྱས་པའི་བརྩམས་ཆོས་སྤེལ་མྱོང་། 2015ལོར་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ། སྙན་དེབ«ཁ་བའི་རྣ་ཆ»དང«རླུང་དང་མེ་ཏོག»གཉིས་སྔ་ཕྱིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

«དམར་པོ་དང་ནག་པོ»【ཧྥ་རན་སི】སི་ཐང་ཏ་ཡིས་བརྩམས། ན་རོས་རྒྱ་ཡིག་ནས་བསྒྱུར།
       ན་རོ། སྐྱེས་མིང་ལ་ཤ་བོ་ཚེ་བརྟན་དུ་འབོད། འབུམ་རམས་པ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པའི་ཞོར་འགན་འཁུར་ཡོད། ལས་ཀ་གཙོ་བོ་ནི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་སློབ་ཁྲིད་དང་ཉམས་ཞིབ་ཡིན། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་གསུམ་ཙམ་བསྒྲུབས། «བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས»དང«བརྩམས་སྒྲུང་དང་རིག་གནས» «ཤེལ་ལེ་ཡི་སྙན་ངག་གཅེས་བསྡུས» «གྱང་ཆག»བཅས་པར་དུ་བསྐྲུན། སྔ་རྟིང་དུ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་གཟེངས་བསྟོད་ཨང་དང་པོ་ཨང་གསུམ་པ་ཐོབ། རྒྱལ་ཡོངས་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་གསར་རྩོམ་གྱི་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མི་རིགས་ཀྱི་རྩོམ་རིག་བྱ་དགའ་བཅས་ཐོབ་མྱོང་།

«ཏུར་པེར་ཚང་གི་ཐེས་སེ»【དབྱིན་ཇི】ཐོ་མ་སི•ཧར་ཐེས་བརྩམས། སྤེན་པ་དོན་གྲུབ་ཀྱིས་རྒྱ་ཡིག་ནས་བསྒྱུར།
       སྤེན་པ་དོན་གྲུབ། བོད་ལྗོངས་སློབ་གླིང་རིག་གཞུང་སློབ་གླིང་གི་ཀྲུང་གོའི་སྐད་ཡིག་རྩོམ་རིག(བོད་ཀྱི་རྩོམ་རིག)འབུམ་རམས་པའི་སློབ་གནས་ཐོབ། རྩོམ་ཞུས་པ་གཞོན་པ། སྔ་ཕྱིར་དགེ་རྒན་དང་། ལོ་ཙཱ་བ། ཞིབ་འཇུག་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བར་ཞུགས། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང«བོད་ལྗོངས་ཞིབ་འཇུག»བོད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་བྱེད་མུས་ཡིན། «གངས་རྒྱན་མེ་ཏོག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «སྦྲང་ཆར» «ལྷོ་ཁ་རྩོམ་རིག་སྒྱུ་རྩལ»སོགས་ལྗོངས་ཕྱི་ནང་གི་དུས་དེབ་ཁག་ཏུ་སྙན་ངག་དང་། བརྩམས་སྒྲུང་། དཔྱད་བརྗོད། དེ་བཞིན«བོད་ལྗོངས་ཞིབ་འཇུག»དང«བོད་ལྗོངས་སློབ་ཆེན་རིག་དེབ» «མཚོ་སྔོན་སྤྱི་ཚོགས་ཚན་རིག»སོགས་སུ་རིག་གཞུང་དཔྱད་རྩོམ་གང་མང་སྤེལ་ཞིང་། «རྩོམ་རིག་གི་གཏན་གྱི་འདུན་མ། —བོད་ཀྱི་ནང་བསྟན་རྩོམ་རིག་ནས་དེང་རབས་རྩོམ་རིག་གི་བསམ་བློའི་རྒྱུན་འཚོལ་བ»ཞེས་པའི་ཆེད་རྩོམ་གཅིག་དང་།«བདག་ཉིད་བདག་གི་མགོན་ཡིན་ནོ»ཞེས་པ་སོགས་འགྱུར་མ་པོད་བདུན་དཔེ་སྐྲུན་བྱས། 2024ལོའི«མི་རིགས་ཀྱི་རྩོམ་རིག»གི་ལོ་ཙཱའི་ལོ་འཁོར་བྱ་དགའ་དང་། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་དྲུག་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ། སྐབས་ལྔ་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ། «གངས་རྒྱན་མེ་ཏོག»སྐབས་ལྔ་པའི་རྩོམ་རིག་བྱ་དགའ། སྐབས་གཉིས་པའི«བོད་ལྗོངས་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་སོགས་ཐོབ།
འབྲེལ་ཡོད་འོས་སྦྱོར།