logo

«རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»བོད་འགྱུར་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-08 ཀློག་གྲངས།:
       ཉེ་ཆར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཚེ་རིང་ནོར་བུས་རྒྱ་ཡིག་ནས་བརྩམས་ཤིང་། བྱང་བློ་བཟང་ཀུན་མཁྱེན་གྱིས་བོད་ཡིག་ཏུ་བསྒྱུར་བའི«རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»དཔེ་སྐྲུན་འགྲེམས་སྤེལ་བྱས།
       སྒྲུང་རིང་འདི་མཐོང་སྣེ་གཉིས་བསྣོལ་མར་བསྡེབས་ནས་བྲིས་ཡོད། མཐོང་སྣེ་གཙོ་བོར་མི་སྣ་གཙོ་བོ་འཇིགས་མེད་དབང་གྲགས་གྲྭ་པ་ནས་རིམ་གྱིས་སྐྱ་ལོག་པ་བྲིས་པ་བརྒྱུད་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་དོན་ཆེན་མང་པོ་གསལ་བར་བྲིས་པ་དང་། མི་སྣ་སྒེར་པ་མང་པོའི་ལས་དབང་གི་འཕོ་འགྱུར་བྲིས་པ་བརྒྱུད་བོད་མི་རིགས་ཀྱི་སྐྱེ་འཆིའི་ངོས་འཛིན་དང་། མི་ཚེའི་ལྟ་བ། དེ་བཞིན་དཀའ་སྡུག་གི་ངོས་འཛིན་དང་ཐོད་བརྒལ་སོགས་གསལ་པོར་མཚོན་ཡོད། མཐོང་སྣེ་ཕལ་པར་དུས་རབས་བཅུ་གཅིག་མཇུག་ནས་བཅུ་གཉིས་འགོ་རུ་བྱུང་བའི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བསྐྱར་འབྲི་བྱས་ཡོད། མཐོང་སྣེ་གཉིས་གཅིག་ལ་གཅིག་རྟེན་དང་བསྣོལ་མར་བཀོལ་བའི་འབྲི་ཐབས་སྤྱད་དེ། སྒྲུང་རིང་ཧྲིལ་པོར་བོད་མི་རིགས་ཀྱི་ནང་བསམ་པའི་འཇིག་རྟེན་དང་དཀའ་སྡུག་གི་སྡིག་བཤགས་བརྒྱུད་རིམ་ལེགས་པར་མཚོན་ཡོད།
རྩོམ་པ་པོ་དང་སྒྱུར་པ་པོ་ངོ་སྤྲོད།
       ཚེ་རིང་ནོར་བུ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། མོའོ་ཏུན་རྩོམ་རིག་བྱ་དགའ་སྐབས་བདུན་པ་དང་། སྐབས་བརྒྱད་པ། སྐབས་བཅུ་གཅིག་བཅས་ཀྱི་དཔྱད་འདེམས་པ། བརྩམས་ཆོས་གཙོ་བོར་སྒྲུང་རིང«རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»དང«རླུང་བུས་གཡོས་པའི་དབུས་གཙང» སྒྲུང་ཐུང་ཕྱོགས་བསྒྲིགས«ལུག་ཚེ་ཐར»སོགས་ཡོད། སྒྲུང་འབྲིང«མཚམས»ལ་སྐབས་ལྔ་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་དང་། སྒྲུང་ཐུང«ལག་དམར»ལ་སྐབས་ལྔ་པའི་ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ། སྒྲུང་ཐུང«ལུག་ཚེ་ཐར»ལ་སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་བཅས་ཐོབ། བརྩམས་ཆོས་མང་པོ་དབྱིན་ཇི་དང་། ཧྥ་རན་སི། འཇར་པན་སོགས་རྒྱལ་ཁབ་མང་པོའི་ཡི་གེར་བསྒྱུར་ཡོད།
       བྱང་བློ་བཟང་ཀུན་མཁྱེན། དགུ་བཅུའི་སྟོད་དུ་བོད་ལྗོངས་ནག་ཆུའི་དཀྱིལ་རྒྱུད་ཀྱི་ཡམ་བྱང་རྩྭ་ཐང་དུ་སྐྱེས། ༢༠༡༤ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་རྒྱ་བོད་ཡིག་སྒྱུར་འཛིན་གྲྭ་ནས་སློབ་མཐར་ཕྱིན། ལུའུ་ཞུན་རྩོམ་རིག་སློབ་གླིང་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་འཛིན་གྲྭའི་སློབ་མ་དང་། ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ལྗོངས་ལོ་ཙཱ་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་དང་ལོ་ཙཱ་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཡིན། སྔ་ཕྱིར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང་། «མི་རིགས་ཀྱི་རྩོམ་རིག» «བོད་ལྗོངས་རྩོམ་རིག»སོགས་དུས་དེབ་ཁག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་སྒྲུང་དང་ལྷུག་རྩོམ་བརྒྱ་ལྷག་སྤེལ། སྤྱི་ལོ༢༠༡༣ནས་བཟུང«བྱང་འབྲོག་ཤེས་རིག་དཔེ་ཚོགས»དང«ནག་ཆུའི་བོད་རིགས་རུས་མཛོད»གཙོས་ལོ་རྒྱུས་རིག་གནས་དཔེ་ཚོགས་ཀྱི་རྩོམ་སྒྲིག་ལས་ཀར་ཞུགས། ༢༠༢༣ལོར་སྒྲུང་ཐུང་ལེགས་བཏུས«ཡིད་ཀྱི་རླུང་རྟ་ཁྲ་བོ»ཞེས་པ་པར་དུ་བསྐྲུན། བརྩམས་ཆོས་འགའ་ལ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་དང་། ནག་ཆུ་གྲོང་ཁྱེར་གྱི་སྐབས་དང་པོའི“བྱང་ཐང་རིག་རྩལ་བྱ་དགའ”སོགས་ཐོབ།

སྔོན་འགྲོའི་གཏམ།
                         ཁ་ཐོར་གྱི་དྲན་ཤེས་དག་ཕྲེང་ཐག་གཅིག་ཏུ་རྒྱུ་བ།
                                                —— «རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»གྱི་གསར་རྩོམ་བརྒྱུད་རིམ།
ཚེ་རིང་ནོར་བུས་བརྩམས།
བྱང་བློ་བཟང་ཀུན་མཁྱེན་གྱིས་བསྒྱུར།
 
       ང་ཚོ་རིམ་གྱིས་རྒས་འགྲོ་ཞིང་། ནམ་ཞིག་འཇིག་རྟེན་དཀར་ངོགས་འདི་ལས་འབྲལ་དགོས་པས། དེ་དུས་དྲན་ཤེས་ཁྲོད་ཀྱི་ཡོད་ཚད་ཀྱང་མཉམ་དུ་མེད་པར་གྱུར་འགྲོ། དེ་སྔོན་ང་ཚོས་བརྒྱུད་མྱོང་བའི་འཚོ་བའི་གོམ་རྗེས་དེ་དག་ཀྱང་ས་རྡུལ་གྱིས་བཀབ་པ་བཞིན་སུས་ཀྱང་གླེང་མི་སྲིད་ལ། མི་མངོན་པའི་གཏིང་རུམ་གང་ཞིག་ཏུ་རུལ་མྱགས་སུ་གྱུར་ཏེ་རྗེས་རབས་ཚོའི་དྲན་ཤེས་ཁྲོད་ནས་ཡོངས་སུ་ཡལ་ཞིང་མེད་པར་གྱུར་ཚུལ་ནི་རླུང་བུ་ལྡང་བ་དང་འདྲ་བར། རྗེས་ཤུལ་ཅིའང་མངོན་མི་སྲིད།
       ངས་རྒྱུས་མངའ་ཆེས་ཆེ་བའི་བར་སྐོར་ཁྲོམ་ལམ་ད་ལྟ་ཡོངས་སུ་འགྱུར་ཟིན་ལ། དེ་སྔོན་དེ་རུ་འཚོ་བའི་གཞོན་པ་དག་ཀྱང་ད་ཆ་ལོ་ཟླའི་ཁུར་གྱིས་མནན་ནས་རྒས་པའི་ཉམས་མངོན་ཏེ། ཞོགས་པའི་བར་སྐོར་ཁྲོམ་ལམ་དུ་སྒལ་ཚིགས་གུག་ཅིང་། ལག་ཏུ་ཕྲེང་བ་ཐོགས་ཏེ་དད་སེམས་རྣམ་དག་གིས་རྡོ་གཅལ་ལམ་བུའི་སྟེང་དུ་སྐྱོད་བཞིན་མཆིས། རེ་འགའ་ནི་དེ་ལས་ལྡོག་སྟེ་འཇིག་རྟེན་ཕྱི་མར་གཤེགས་ཟིན་ལ། ཁོ་ཚོ་འཇིག་རྟེན་དཀར་ངོགས་སུ་འཚོ་བའི་སྐབས་ཀྱི་ཉམས་མྱོང་དེ་ཚོ་སུས་ཀྱང་གླེང་མཁན་མེད། ངས་བར་སྐོར་ནས་ངོ་ཤེས་པའི་རྒན་རབས་དེ་ཚོ་མཐོང་ཐེངས་རེར་སེམས་སུ་སྐྱོ་སྣང་ཞིག་ངང་གིས་སྐྱེ་ཞིང་། ཁོང་ཅག་གཞོན་དུས་ཀྱི་དོན་དག་དྲན་གང་ཐུབ་བྱེད་ཀྱི་ཡོད་མོད། དྲན་ངོགས་སུ་འཆར་བ་ནི་ཁ་ཐོར་གྱི་དྲན་པ་རབ་རིབ་འགའ་ལས་མེད་ལ། ཐ་ན་རྒན་རབས་རེ་འགའི་མིང་ཡང་བརྗེད་ནས་འབོད་མི་ཐུབ། ཚུལ་དེར་སེམས་དུས་ང་རང་དབང་མེད་དུ་འཇིགས་སྐྲག་སྐྱེ་ཡོང་། དོན་དུ་རྒན་རབས་ཁོ་ཚོའི་མྱོང་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཆེས་འབྲི་འོས་པའི་དམིགས་བསལ་གྱི་ལོ་ཟླ་ཞིག་རེད། ཁོང་ཅག་གིས་ལམ་ལུགས་རྙིང་པ་ཞིག་ཡོངས་སུ་ཉམས་རྒུད་དུ་གྱུར་པ་དང་། སྤྱི་ཚོགས་ལམ་ལུགས་གསར་རྐྱང་ཞིག་རིམ་གྱིས་ལག་བསྟར་བྱས་པའི་དུས་རིམ་ཆ་ཚང་དངོས་སུ་བརྒྱུད་མྱོང་ཡོད། དུས་རབས་དེ་ནི་འགྱུར་བག་ཤིན་ཏུ་རྒོད་པ་ཞིག་ཡིན་པས། ཁོང་ཅག་མི་རེའི་མྱོང་རྒྱུས་ནི་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་རེད། འོན་ཀྱང་ངའི་སེམས་ནང་དུ་ཁ་ཐོར་གྱི་དྲན་པ་རེ་འགའ་ལས་མེད་ཅིང་། དེ་དག་ཕྲེང་ཐག་གཅིག་ལ་བརྒྱུ་དཀའ་ཞིང་། མགོ་རྔ་ཚང་བའི་དྲན་ཤེས་ཤིག་ཏུ་དེ་བས་འགྲུབ་ཐབས་མེད། གལ་ཏེ་དུས་རབས་གང་དེའི་ལོ་རྒྱུས་དག་ཡིག་ཐོག་ཏུ་འབེབས་མ་ཐུབ་ན་ང་ཚོའི་རྗེས་རབས་ཚོས་མཐོང་ཐུབ་པ་ནི་དཔེ་དེབ་ག་གེ་མོའི་ནང་གི་གྲངས་ཀ་དང་སྟབས་བདེའི་ཟིན་ཐུང་འགའ་ལས་མེད་པས་རྒན་རབས་ཚོའི་སེམས་ཀྱི་མྱོང་གོམས་རྟོགས་ཐབས་མེད་ལ། ཁོ་ཚོའི་དགའ་སྐྱོའི་ཚོར་བ་དངོས་མྱོང་མི་ཐུབ་པ་དང་ནང་སེམས་ཀྱི་ཟབ་སར་སྙོབ་མི་ཐུབ་པར་རྙོག་འཛིང་ཆེ་ལ། གསོན་ཤུགས་རྒྱས་པའི་དུས་རབས་ཤིག་བྲོ་མེད་ཅང་ཅང་ཞིག་ཏུ་གྱུར་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་རང་བརྩམས་སྒྲུང་འབྲི་བའི་བློ་ཞིག་རྙེད་བྱུང་། ངའི་སེམས་སུ་ཡིག་འབྲུ་ཁོ་ནར་བརྟེན་ན་ད་གཟོད་གསོན་ཉམས་ལྡན་པའི་དུས་རབས་ཤིག་གི་ལམ་རིས་གསལ་པོར་མཚོན་ཐུབ་ཅིང་། འདས་དོན་ཡོད་ཚད་དུས་ཀྱི་གཙང་པོའི་ཁྲོད་དུ་སྲ་མཁྲེགས་སུ་གྱུར་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་ཐུབ་ངེས་སྙམ།
       དེ་སྔོན་བར་སྐོར་མཚོ་སྣ་སྒང་དུ་འཚོ་བའི་མི་དེ་དག་རེ་རེ་བཞིན་ངའི་དྲན་པའི་ནང་དུ་འཁོར་ཡོང་ཞིང་། ད་ཆ་ཁོང་ཅག་ལས་རེ་འགའ་སྐྱ་སར་བབས་ཟིན། བཟོ་གོས་གྱོན་པའི་རྐང་ཀྱོག་དང་། རྟ་ཐེར་འདྲུད་མཁན་དབང་འདུས། ཉི་ངོགས་སུ་སྣ་ཐ་འཐེན་མཁན་གྱི་ལམ་མཚོ། དེ་བཞིན་སྒོ་ར་རྒྱབ་མའི་རྟ་ར། ཁྲོན་པའི་འགྲམ་གྱི་སྔོ་དྲེག སྒེའུ་ཁུང་འགྲམ་གྱི་མངར་འབྲས་མེ་ཏོག ཝ་ཤུར་ནང་ནས་ཆག་ཆག་ཏུ་འབབ་པའི་ཆུ་སྒྲ་སོགས་དྲན་ཤེས་རིམ་གྱིས་རྙེད་ཅིང་། དྲན་པ་དག་རེ་རེ་བཞིན་ཕུང་གསོག་ཐེབས་འགོ་བརྩམས། ངས་ཀྱང་རྒན་རབས་ཚོ་དང་མཉམ་དུ་འདས་སོང་གི་ལོ་ཟླའི་སྐོར་གླེང་ཞིང་། ཁ་ཐོར་གྱི་དྲན་ཤེས་རྙེད་རིམ་བཞིན་ཟིན་ཐོར་བཀོད་པ་ཡིན་ལ། རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་གང་ཐོན་བསྡུ་ཉར་བྱས་པ་དང་། ད་དུང་ལྷོ་ཁ་དང་། ཀོང་པོ། གཞིས་ཀ་རྩེ་སོགས་ལ་ཡུལ་དངོས་རྟོག་ཞིབ་བྱེད་དུ་ཡང་ཡང་བསྐྱོད་པ་ཡིན། གཞན་དེའི་རིང«དགེ་སློང་བློ་བཟང་བསྟན་འཛིན་གྱི་རྣམ་ཐར»དང་། «བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག» «སེར་མོ་བའི་རྒྱལ་ཁམས་འཇིག་པ» «བོད་ཀྱི་ཤི་གསོན»སོགས་འབྲེལ་ཡོད་ཀྱི་དེབ་མང་པོ་བཀླགས་ཤིང་། སེ་ར་དགོན་ལ་ཐེངས་མང་ཕྱིན་ནས་དགེ་འདུན་གྱི་འཚོ་བར་རྒྱུས་ལོན་དང་། དགོན་པའི་འཛུགས་སྐྲུན་གྱི་རྣམ་པར་ཡིད་འཇོག་གང་མང་བྱས་པས་རིམ་གྱིས་གཏམ་རྒྱུད་ཅིག་གི་མགོ་རྔ་ངའི་སེམས་སུ་མྱུ་གུ་བཞིན་དུ་འབུས་འགོ་བརྩམས། དེ་བས་ང་རང་ལྷག་ཏུ་སྤྲོ་འོས་པ་ཞིག་ནི་ཉིན་ཞིག་ཕ་བོང་ཁ་དགོན་པར་འགྲོ་སྐབས་དུར་ཁྲོད་ནས་གྲྭ་རྒན་ཞིག་མཐོང་ཞིང་། གསེར་མདོག་གི་ཉི་འོད་ཁོང་གི་ལུས་ཡོངས་སུ་འཕྲོས་འདུག་ལ། སྨ་ར་དཀར་པོ་བྲང་མདུན་དུ་དཔྱངས་ཏེ་གདོང་ཡོངས་ཞི་དུལ་གྱི་ཉམས་ཤིག་གིས་དཔེ་ཆ་ཀློག་ཞོར་དྲིལ་བུ་དཀྲོལ་ཏེ་ད་རངས་ཞོགས་པར་དུར་ཁྲོད་དུ་བསྐྱལ་བའི་ཕུང་པོར་བསྔོ་སྨོན་འདོན་བཞིན་འདུག དུར་ཁྲོད་ནི་ནག་ཐིང་ངེར་ཁོང་གི་གཤམ་ངོས་སུ་ཁུ་སིམ་དུ་གནས་ཤིང་། བསང་དུད་ཀྱི་དྲི་ངད་གང་སར་ལྡང་ནས་མཐོ་རུ་འཕྱོ་བར་བྱེད། ལྟག་རྒྱབ་ཀྱི་རི་སྒང་གང་སར་ཚེར་མའི་མེ་ཏོག་སྔོན་པོ་རབ་ཏུ་སྐྱེས་པས། མཆོད་རྟེན་དཀར་པོ་དེ་མིག་ལ་ཤིན་ཏུ་འཚེར་བ་ཞིག་འདུག ཏག་ཏག་སྐབས་དེར་ངའི་སེམས་སུ་གྲྭ་རྒན་ཁོང་ཉིད་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོར་འགྱུར་བར་བསམ་ཞིང་། ཁོང་གི་འཚོ་ཐབས་ནི་ངའི་བྱིས་དུས་དྲན་ཤེས་ཁྲོད་ཀྱི་སྐྱ་སར་བབས་པའི་གྲྭ་པ་དག་གི་ཚེ་མཇུག་གི་གནས་སྟངས་ཡིན་ཨང་སྙམ།
       ཁ་ཐོར་གྱི་དྲན་ཤེས་དེ་དག་རྒྱ་ཇེ་ཆེར་སོང་ཞིང་། དུས་ཚོད་ཀྱང་དུས་རབས་གོང་མའི1959ལོའི་ཟླ3པའི་སྔོན་དུ་བསྲིངས་པ་དང་། འཇིགས་མེད་དབང་གྲགས་དང་། ཞི་འོད་རིན་པོ་ཆེ། ལྷོ་བྲག་ནོར་བཟང་། རྡོ་རྗེ་རྒྱལ་མཚན། ནོར་དཔལ་ཚང་གི་ཕྱག་མཛོད། གསེར་ཐང་སྐུ་སྲས་འབྲིང་བ་སོགས་མི་སྣ་ཡོད་ཚད་གསོན་པར་གྱུར། མི་སྣ་དེ་དག་གི་ཐོག་ཏུ་ངའི་ངོ་ཤེས་པའི་མི་མང་པོའི་ཁྱད་གཤིས་འདུས་ཡོད་ལ། བརྩམས་སྒྲུང་ཁྲོད་དུ་ཁོང་ཅག་གསོན་པར་གྱུར་ཅིང་། ཁོ་ཚོའི་མི་ཚེའི་མྱོང་རྒྱུས་དག་ཀྱང་ལྐོག་འགྱུར་མིན་པར་གྱུར། ལོ་ངོ་གཉིས་ཀྱི་རྩོམ་འབྲི་བརྒྱུད་ཁ་ཐོར་གྱི་དྲན་ཤེས་དེ་དག་རིམ་གྱིས་ཕྲེང་ཐག་གཅིག་ལ་བརྒྱུས་ནས་བོད་མི་རིགས་ཐུན་མོང་གི་དྲན་ཤེས་སུ་གྱུར་ཞིང་། ང་ཚོ་ཀྲུང་གོ་བ་ཚང་མའི་དྲན་ཤེས་སུ་ཡང་གྱུར། བརྩམས་སྒྲུང་གང་འདི་འབྲི་དུས་གང་ནུས་ཀྱིས་བཅིངས་འགྲོལ་སྔོན་གྱི་བོད་ཀྱི་རྩོམ་རིག་གིས་འཁུར་བའི་དགག་རྒྱག་དང་ཐེར་འདོན་གྱི་འགན་འཁྲི་ཡོད་ཚད་གཡོལ་གང་ཐུབ་ཀྱིས་དུས་སྐབས་གང་དེའི་ལོ་རྒྱུས་དངོས་དང་། ལོ་རྒྱུས་ཆེན་མོའི་དོན་རྐྱེན་འོག་གི་གང་ཟག་མི་སྒེར་ལས་དབང་གི་ཉམས་རྒུད་དང་ཉམ་ཐག་མཚོན་གང་ཐུབ་བྱས་ཡོད་ལ། མི་སྣ་མང་པོ་བཞེངས་སྐྲུན་བྱས་ཏེ་ཁོ་ཚོའི་ལུས་ངག་གི་བྱ་སྤྱོད་ལས་བོད་མི་རིགས་ཀྱི་རྒྱུད་ལ་གྲུབ་པའི་རྣམ་དག་གི་དད་སེམས་དང་བྱམས་བརྩེ། གདུང་སེམས་མཉམ་སྐྱེད་ཀྱི་བློ། ཨུ་ཚུགས་ཀྱི་སྲུང་འཛིན་བཅས་ཀྱི་རྒྱུད་ཁུངས་རྙེད་ཐུབ་པར་བརྩོན་ཡོད།
       2014ལོའི་ཟླ4པར་ང་རང«ཧྥང་ཚའོ»དུས་དེབ་ཚང་གིས་གདན་ཞུ་ལྟར“བུད་མེད་དཔྱད་འདེམས་པའི་བྱ་དགའ”སྤྲོད་པའི་དགའ་སྟོན་ལ་ཞུགས་པ་ཡིན། དེའི་རིང་རྒན་ལེའུ་ཞིང་ལུང་ལགས་ཀྱིས་ངའི་སྒྲུང་རིང་དང་པོ་ཡོངས་སུ་གྲུབ་པའི་སྐོར་ཤེས་དུས་ང་ལ་སྒྲུང་རིང་གང་དེ་སྟོན་དགོས་པའི་ཁ་ཆད་བྱས་ཤིང་། «ཧྥང་ཚའོ»དུས་དེབ་གསུམ་པ་ནས་མུ་འགོད་བྱ་རྒྱུ་ཡིན་ཟེར། དོན་དེས་ང་རང་རེ་ཞིག་སེམས་མི་བདེ་བར་བཟོས། དོན་དུ་སྒྲུང་རིང་གང་དེ་ཇི་འདྲ་གྲུབ་མིན་གདེང་ཚོད་དེ་ཙམ་མེད་པས་དུས་དེབ་ཀྱི་སྤུས་ཚད་ལ་སྐྱོན་བཟོ་བར་སྐྲག་སྟེ་སྔོན་ལ་སྒྲུང་རིང་གི་སྟོད་ཆ་རྒན་ལེའུ་ཞིང་ལུང་ལགས་ལ་བསྐུར་བ་ཡིན། ཉིན་ཤས་རྗེས་སུ་རྒན་ལེའུ་ཞིང་ལུང་ལགས་ཀྱིས་ཞུ་ལན་འབྱོར་ཏེ་ཟླ་ལྔ་པའི་ནང་སྒྲུང་རིང་གི་མ་ཟིན་དུས་དེབ་ཁང་དུ་བསྐུར་དགོས་ཤིང་ཞུ་དག་བྱ་རྒྱུ་ཡིན་ཟེར། ཁོང་གི་གཏམ་དེས་དེ་སྔོན་གྱི་སེམས་དོགས་དག་མེད་པར་བྱས་ཤིང་། དུས་ཐུང་ནང་མཐའ་མཇུག་གི་ཞུ་དག་བྱས་རྗེས་རྩོམ་སྒྲིག་འགན་འཁུར་བར་བསྐུར་བ་ཡིན། རིང་པོར་མ་ཐོགས་པར་སྒྲུང་རིང«རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»དེ«ཧྥང་ཚའོ»དུས་དེབ་ཐོག་ཏུ་མུ་འགོད་བྱས་པ་རེད། འདི་ནི་བདག་གི་ཚེ་འདིའི་སྒྲུང་རིང་ཐོག་མ་དུས་དེབ་ཐོག་ཏུ་མུ་འགོད་བྱས་པ་ཡིན་པས་ནང་སེམས་ཀྱི་སྤྲོ་བ་ནི་ཡི་གེས་མཚོན་དཀའ་ཞིང་། «ཧྥང་ཚའོ»དུས་དེབ་ཁང་ནི་བཀའ་དྲིན་ཆེན་པོ་ཡིན་ཨང་བསམས་སོང་། ལོ་དེའི་ཟླ8པར་ཀྲུང་དབྱི་པར་སྐྲུན་ཁང་གིས་སྒྲུང་རིང་གང་དེ་པར་དུ་བཏབ་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་གྱི་སྐྱེས་སུ་འབུལ་ཐུབ་པ་བྱུང་།
       «རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན»པར་དུ་བཏབ་ནས་ལོ་གཅིག་ཙམ་གྱི་རྗེས་སུ«སྒྲུང་རིང་འདེམས་བཏུས་དེབ»ཏུ་མུ་འགོད་བྱས་པ་ནི་བརྩམས་ཆོས་རང་ངོས་དང་ང་རང་ཉིད་གཉིས་ཀར་མཚོན་ན་ཤིན་ཏུ་དགའ་ཞིང་སྤྲོ་འོས་པ་ཞིག་རེད་ལ། ལྷག་དོན་བརྩམས་ཆོས་གང་འདི་ཡོངས་སུ་གྲུབ་པར་སྐུལ་ལྕག་ཅིག་དང་ནམ་ཞར་ཡིད་ཀྱི་ཁྲུང་ཁྲུང་དཀར་མོ་ཡང་དུ་བསྐུལ་བའི་འབད་པའི་ལས་ལ་དོན་བཟང་སྨིན་པ་ཞིག་ཀྱང་རེད།
འབྲེལ་ཡོད་འོས་སྦྱོར།