«མཚོ་ནུབ་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས་ལོ་རྒྱུས»པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ནུབ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
དུས་ཚོད།:2026-01-21
ཀློག་གྲངས།:
2026ལོའི་ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། «མཚོ་ནུབ་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས་ལོ་རྒྱུས»ཞེས་པའི་དཔེ་དེབ་ཀྱི་འགྲེམས་སྤེལ་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་ནས་རྒྱལ་ཁའི་ངང་སྤེལ། དཔེ་དེབ་འདི་ཉིད་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་མགོ་ཁྲིད་ཚོགས་པས་གཙོ་སྐྱོང་འོག ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་རིག་གནས་དང་སློབ་སྦྱོང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གིས་ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཚོལ་སྡུད་དང་ལེགས་བསྒྲིགས་བགྱིས་ཡོད།

དཔེ་དེབ་ཧྲིལ་པོ་མཚོ་ནུབ་བོད་ཀྱི་ལོ་རྒྱུས་དངོས་དང་སྦྱར་ནས་མི་རིགས་རང་སྐྱོང་དང་མི་རིགས་ཀྱི་འཕེལ་རྒྱས། མི་རིགས་ཀྱི་དཔལ་འབྱོར། མི་རིགས་ཀྱི་རིག་གནས། མི་རིགས་ཀྱི་སྐད་ཡིག མི་རིགས་ཀྱི་སློབ་གསོ། མི་རིགས་ཀྱི་གསོ་རིག མི་རིགས་ཀྱི་ཆོས་ལུགས། མི་རིགས་ཀྱི་ཞིབ་འཇུག་སོགས་སྐོར་གྱི་རྩོམ་ཡིག130བདམས་བཀོད་བྱས་ཤིང་བསྡོམས་པས་ཡིག་གྲངས་ཁྲི93ཡོད་པ་དང་། དེ་དག་ལེའུ་བཅུ་བཞིར་བགར་ཏེ་དུས་ཡུན་རིང་པོའི་ཁྲོད་ཕྱོགས་ཡོངས་ནས་མཚོ་ནུབ་འཕེལ་རྒྱས་ཀྱི་སྤྱིའི་རྣམ་པ་དང་། སྒོས་སུ་རྒྱ་ཆེའི་བོད་མི་རིགས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ས་གནས་ཀྱི་ཆབ་དཔལ་རིག་གསུམ་ཐད་ནུས་ཤུགས་གང་ལེགས་བཏོན་པའི་བརྒྱུད་རིམ་ཧྲིལ་པོ་མཚོན་ཡོད་པར་མ་ཟད། བོད་རང་གི་རིག་གནས་དང་སེམས་ཁམས། ཡུལ་སྲོལ་དང་གོམས་གཤིས། ཐོན་སྐྱེད་དང་འཚོ་བ་སོགས་མཚོན་ཡོད་པས། ཡོངས་ཁྱབ་རང་བཞིན་དང་དོན་དངོས་རང་བཞིན། དྲང་བདེན་རང་བཞིན་བཅས་ཀྱི་ཁྱད་ཆོས་མངོན་པར་དོད་དོ། །

མཚོ་ནུབ་ནི་གནའ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ངོ་ལོ་སྟོང་ཕྲག་གི་ལོ་རྒྱུས་འཕེལ་རིམ་ཁྲོད། རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་བར་འགྲོ་འོང་དང་འབྲེལ་འདྲིས། དེ་ནས་བསམ་བློ་དང་རིག་གནས་བརྗེ་རེས་བརྒྱུད་འཆམ་མཐུན་མཉམ་གནས་གྱི་རྣམ་པ་ཞིག་ཆགས་ཡོད། དེ་ཡང་ལོ་རྒྱུས་ཡིག་ཚགས་ལྟར་ན། མཚོ་ནུབ་ཀྱི་ས་ཆ་འདིར་གནའ་སྔ་མོར་ནུབ་སྤྱང(西羌)གི་ས་ཞེས་སུ་འབོད། ཅིན་རྒྱལ་རབས་ཤར་མའི་དུས་མཇུག་ཏུ། དེང་གི་མཚོ་ནུབ་ཀྱི་ནུབ་རྒྱུད་འ་ཞ་ལ་གཏོགས། དེ་ནས་ཐང་རྒྱལ་རབས་ཀྱི་ཐང་ཀྲིན་ཀོན(唐贞观)སྲིད་ལོ་བཅུ་པར(636ལོ)འ་ཞ་ནི་ཐང་རྒྱལ་རབས་སུ་གཏོགས། སྤྱི་ལོ663ལོར(ཐང་ལུང་ཧྲའོ唐龙朔སྲིད་ལོ་གསུམ་པ)བོད་བཙན་པོའི་རྒྱལ་རབས་ཀྱིས་འ་ཞ་བསྣུབས་རྗེས། མཚོ་ནུབ་ཀྱི་ས་གནས་འདི་བོད་བཙན་པོའི་སྡོད་གནས་སུ་གྱུར་པར་མ་ཟད། གནའ་ནས་བཟུང་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱིས་ས་གནས་ཀྱི་སྤྱི་ཚོགས་ལ་ཤན་ཤུགས་ཐེབས། དེ་ནས་བོད་བཙན་པོའི་རྒྱལ་རབས་འཇིག་ན་ཡང་བོད་ཁུལ་གྱི་ས་གནས་སོ་སོར་སྲིད་དབང་བཟུང་བའི་རྒྱལ་པོ་རེ་ཡོད་ཅིང་། མཚོ་ནུབ་ས་ཁུལ་འདི་ཉིད་ས་གནས་སྲིད་དབང་སྐུ་སྲས་ལགས(唃厮啰ཁྲི་གནམ་ལྡེ་བཙན997--1065)ཏེ་ཙོང་ཁའི་རྒྱལ་པོས་བདག་བཟུང་མངའ་ཁོངས་སུ་གཏོགས། དེ་བས་མཚོ་ནུབ་ཀྱི་བོད་རིགས་ལ་མཚོན་ནའང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཀྱི་བག་ཆགས་ཧ་ཅང་གཏིང་ཟབ་པ་དང་། ཐབས་དང་ཤེས་རབ་ལྡན་པ་དེ་དག་ལས་འཕྲོས་ཏེ་མཚོ་ནུབ་ས་ཁུལ་གྱི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་བཅས་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད་པའང་ངང་གིས་ཚོར་ཡོང་།

མདོར་ན། «མཚོ་ནུབ་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས་ལོ་རྒྱུས»པར་སྐྲུན་འགྲེམས་སྤེལ་བྱས་པ་འདིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་། ས་གནས་རིག་གནས་ལོ་རྒྱུས་ལས་དོན་དང་མི་རིགས་རིག་གནས་འཛུགས་སྐྲུན་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།
