logo

མེལ་ཚེའི་འགྱུར་དེབ«ང་ལ་རང་ཉིད་ཀྱི་མིང་མེད»པར་དུ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-02-11 ཀློག་གྲངས།:
       «ང་ལ་རང་ཉིད་ཀྱི་མིང་མེད»ཅེས་པའི་དེབ་ཆུང་འདི་ནི་རྒྱ་ནག་གི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཡུས་ཧྭ་ལགས་ཀྱི་སྒྲུང་ཐུང་ཡག་ཤོས་འགའ་གཅིག་ཏུ་བསྡུས་ཏེ། མེལ་ཚེས་བོད་ཡིག་ཏུ་བསྒྱུར་བ་ཡིན་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཅིང་འགྲེམ་སྤེལ་བྱས།

མགོ་བརྗོད་ཀྱི་ཚབ་ཏུ།

       རྩོམ་སྒྲིག་པའི་ཁ་པར་དེ་སླེབས་དུས་ང་རང་ཏག་ཏག་འུར་ཆེ་བའི་ཁང་པ་ཞིག་ཏུ་ལུས་ཡོད། ནང་དུ་མི་ཡི་འུར་ཆེ་ལ་ཕྱི་རུ་འཁོར་ལོའི་འུར་ཆེ་བར་མ་ཟད། འུར་སྒྲ་དེ་དག་གིས་བསམ་བཞིན་འགྱུར་དེབ་འདི་པར་སྐྲུན་བྱེད་ལ་ཉེ་བའི་གཏམ་བཟང་དེ་ངའི་རྣ་བར་བདེ་བླག་གིས་འབྱོར་བར་བར་ཆད་བཟོ་བཞིན་པ་འདྲ། འུར་ཟིང་གི་བར་ཆད་དེའི་དབང་གིས་ངས་མོའི་སྐད་ཆའི་ཚིག་ཟུར་མང་པོ་ཞིག་བདེ་བླག་གིས་ཟིན་མ་བྱུང་།
       གོ་རིམ་ཐུང་ངུ་དེ་ནི་འགྱུར་དེབ་འདིའི་ལས་དབང་དང་ཅིས་མི་མཚུངས། དེ་བཞིན་བོད་ཀྱི་རྩོམ་རིག་ཟེར་བ་འདིའི་ལས་དབང་དང་ཡང་ཅིས་མི་མཚུངས། ལས་འདི་ལ་ནན་ཏན་གྱིས་འཇུག་མཁན་མང་པོ་ཞིག་གི་ཚེགས་ངལ་གྱི་རྔུལ་ཆུ་དང་ཤེས་རབ་ཀྱི་ངར་ཤུགས་ནི་བར་ཆད་ཆེ་ཆུང་ཅི་རིགས་ཀྱི་མདུན་ནས་རླུང་ཁའི་ཁུར་མོང་བཞིན་ཤིན་ཏུ་ཉམ་ཆུང་ལ་ཉག་ཕྲ། དེ་ལྟ་ནའང་། རྩོམ་རིག་ལ་མཚོན་ན་ཕྱི་ནང་གི་འུར་ཟིང་འདི་དག་ནི་དྲང་ལྡོག་གང་གི་བརྟུལ་ཞུགས་སུ་ལངས་ཀྱང་། མ་གཞི་ནས་རྩོམ་རིག་གང་ཉིད་ཀྱི་ལས་སྐལ་གྱི་གཤིབ་ཡ་འགྲོགས་རོགས་དེ་ཡིན་པ་སྨོས་མ་དགོས། དེ་བས་འགྱུར་དེབ་འདི་ཡང་དེ་ལྟར་ད་ནི་ཁོ་རང་གི་ངང་ཚུལ་གྱིས་ཀློག་པ་པོའི་སྤྱན་སྔར་དུ་སླེབས་པ་རེད།
       འགྱུར་དེབ་འདི་ནི་རྒྱ་ནག་གི་སྒྲུང་གཏམ་རྩོམ་པ་པོ་ཡུས་ཧྭ་ལགས་ཀྱི་སྒྲུང་ཐུང་གཅེས་བསྡུས་ལྟ་བུ་ཞིག་ཡིན་ལ། བོད་ཀྱི་རྩོམ་རིག་ལ་སློབ་སྦྱོང་གི་དཔྱད་གཞིར་རུང་སྙམ་པ་ནི་གུས་པས་དེབ་ཆུང་འདི་བསྒྱུར་བའི་ཀུན་སློང་ཙམ་ཡིན། དེ་ལས་འགྱུར་དེབ་འདིའི་ཡག་བཙོག་བཟང་ངན་སོགས་ནི་མི་འགྱང་བར་ཀློག་པ་པོ་ཀུན་གྱི་རོལ་མྱོང་གི་རྒྱ་ཁར་གཞལ་དགོས་པ་ཡིན་ན། གུས་པས་འདིར་དམིགས་བསལ་གྱིས་ཞུ་དགོས་མི་འདུག་པས། འདིར་རྩོམ་པ་པོ་ཡུས་ཧྭ་ལགས་ཀྱི་སྒྲུང་ཐུང་གི་བཀླགས་བྱང་ལྟ་བུར་སྦྱར་བའི་ཚིག་འགའ་ཀུན་ལ་མཉམ་འུར་དུ་འབུལ་བར་བྱ་སྟེ། 
       “……ཚིག་ཉུང་དོན་བསྡུས་ཀྱི་བརྩམས་ཆོས་དེ་དག་དང་། ཁྱད་མཚར་སྡེབ་ལེགས་ཀྱི་བློས་བསླངས་དེ་དག བློ་ཡུལ་ལས་འདས་པའི་བྱུང་རིམ་དང་ཡིད་རྟོན་ཁེལ་བའི་ཞིབ་ཆ་དེ་དག  སྐབས་རེར་དགོད་བྲོ་ལ་སྐབས་རེར་ངུ་སྐྱེན་པའི་གཏམ་རྒྱུད་དེ་དག་ལས། ང་ཚོས་མི་ཡི་ལོ་རྒྱུས་དང་མི་ཡི་གཤིས་ཀ་དང་མི་ཡི་མཛེས་ལྗོངས་འབའ་ཞིག་མཐོང་ཐུབ་སྟེ། ང་ཚོས་བཀླགས་དང་ཀློག་བཞིན་པ་དེ་དག་ཐམས་ཅད་མི་སེམས་ཀྱི་ཡིད་འགྱུར་འཁྲིགས་པའི་རླབས་ཕྲེང་འབའ་ཞིག་ལས་བྱུང་བ་རེད། ངས་བསམ་པར་རྩོམ་རིག་ཅེ་ན་དེ་འདྲ་ཞིག་རེད། བརྩམས་ཆོས་ལས་མངོན་པའི་ཡིད་འགྱུར་གྱི་རླབས་ཕྲེང་དེ་ལས། ལོ་རྒྱུས་དང་ཡུལ་སྲོལ་དང་མཛེས་ལྗོངས་ཐམས་ཅད་ནི་རེག་ཏུ་ཡོད་པ་དང་སྐྱེ་བཞིན་ཡོད་པ་འབའ་ཞིག་རེད། དེ་དག་ཐམས་ཅད་ནི་ལམ་ཕྲན་ཞིག་དང་ལམ་སྣེའི་མི་ཁྱིམ་ཞིག མི་ཁྱིམ་དེའི་ཁོར་ཡུག་གི་སྤང་དང་རི་སོགས་གཅིག་ཏུ་སྤུངས་པ་དང་། ཡང་ན་འཛུམ་གྱིས་ཁེངས་པའམ་མིག་ཆུས་གང་བའི་ངོ་གདོང་ཞིག་དང་། ཐེ་ཚོམ་གྱི་གོམ་པ་ཞིག་དང་རེ་བའི་མིག་མདངས་ཤིག ཐ་ན་སྐད་ཅིག་ཉིད་ལ་འཁྱུག་ཅིང་ཡལ་བའི་འཆར་སྒོ་ཞིག་དང་བཅས་པ་ལས་སྤུངས་པ་རེད།མདོར་ན། དེ་ནི་འཚོ་བའི་ཞིབ་ཆ་དང་རྟོག་བཀོད་ཀྱི་ཞིབ་ཆ་ལས་གྲུབ་པ་ཡིན། དཔེ་བཞག་ན། ཆུ་ཐིགས་ཕྲན་བུ་མང་པོ་མཐའ་མཇུག་མུ་མཐའ་བྲལ་བའི་རྒྱ་མཚོར་འབབ་པ་བཞིན་ནོ། །”

ཞེས་མེལ་ཚེ་ནས༢༠༢༥ལོའི་སྤྱི་ཟླ༡༠པའི་ཚེས༣ཉིན།

སྒྱུར་མཁན་ངོ་སྤྲོད།
       མེལ་ཚེ། མིང་དངོས་ལ་པདྨ་རྡོ་རྗེ་འབོད། མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་ཞང་གཅུན་འཁོར་ནས་སྐྱེས། 2008ལོ་ནས་མེལ་ཚེ་ཞེས་པའི་མིང་ཐོག་ནས་སྒྲུང་གཏམ་གཙོ་བྱས་ཏེ་རྩོམ་ལུས་སྣ་ཚོགས་ཀྱི་གསར་རྩོམ་ལ་གཞོལ་མགོ་བཟུང་སྟེ། བོད་ཀྱི་རྩོམ་རིག་དུས་དེབ«སྦྲང་ཆར»དང«ཟླ་ཟེར» «གངས་རྒྱན་མེ་ཏོག»སོགས་སུ་བརྩམས་ཆོས་དུ་མ་སྤེལ། སྒྲུང་ཐུང་དེབ«མཁའ་འགྲོ་མའི་ཐང་ཆུ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ད་ལྟ་མཚོ་སྔོན་བོད་ཡིག་ཚགས་པར་དུ་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།