«རྗེ་བཙུན་མེེ་ཏྲི་བྷ་དྲ་དཔལ་བཟང་བོའི་གསུང་འབུམ»པར་སྐྲུན་འགྲེམས་སྤེལ་བྱས་པ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-12
ཀློག་གྲངས།:
ཉེ་ལམ། «རྗེ་བཙུན་མེེ་ཏྲི་བྷ་དྲ་དཔལ་བཟང་བོའི་གསུང་འབུམ»པོད་གཉིས་ཀྱི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། གསུང་འབུམ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་དག་སྒྲིག་བགྱིས་པའི་མཚོ་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་དཔེ་རྙིང་དཔེ་ཚོགས་ལས་དེབ་ཕྲེང་བདུན་པ་དེ་ཡིན།

གཞུང་འདིའི་བྱེད་པོ་རྗེ་བཙུན་མེེ་ཏྲི་བྷ་དྲ་དཔལ་བཟང་བོ(རབ་ཡིད་ཤིང་ཡོས་ཏེ་སྤྱི་ལོ1850ལོར་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་སྦྲེལ་ཏེ་སྤྱི་ལོ1932ལོའི་ཟླ4ཚེས15ཉིན་སྐུ་གཤེགས།)ནི་བོད་བརྒྱུད་ནང་བསྟན་རིག་པ་གཙོ་བྱས་པའི་མདོ་རྒྱུད་རིག་གནས་ཡོད་རྒུར་མངའ་བརྙེས་ཤིང་། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་བ། ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་ཀུན་ལ་བྱང་གོམས་ལྡན་པའི་བླ་ཆེན་མཁས་གྲུབ་ཕྱོགས་ལྷུང་བྲལ་བ་ཀུན་གྱིས་ཁས་ལེན་པ་ཞིག་ཡིན་ལ་གསུང་གི་ཆ་ནས་ཀྱང་དཔྱད་གཞིའི་ཁུངས་བཙུན་ལ་ལྟ་བ་ཡང་དག་པ། བརྗོད་བྱའི་དོན་ཟབ་ཅིང་རྗོད་བྱེད་ཚིག་གི་སྦྱོར་བ་ལེགས་པ། གཏན་ཚིགས་ཀྱི་ཚགས་དམ་པ། རིག་གཞུང་གི་རིན་ཐང་ཆེ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་ལྡན་པས། བོད་རིག་པ་དང་སྒོས་སུ་གསོ་རིག་ལ་ཞིབ་འཇུག་དང་ཐོས་བསམ་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཏུ་ངེས་སོ། །

གསུང་འབུམ་འདིའི་ནང་རྗེ་དམ་པ་གི་གསུང་རྩོམ་ཕྱོགས་གཅིག་ཏུ་བཏུས་ནས་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་དུ་བྱས་ནས་པར་སྐྲུན་གནང་ཡོད་ལ། ནང་དོན་གྱི་ཆ་ནས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་རིན་ཐང་དང་བྲལ་བའི་ལེགས་བཤད་རྨད་དུ་བྱུང་བ་མང་པོ་ཞིག་བཞུགས་པར་མ་ཟད། གསོ་རིག་དང་མན་ངག་གི་སྐོར་ནས་ཀྱང་མང་པོ་ཞིག་བཞུགས་ཏེ། དཔེར་ན། སྨན་གཞུང་ནས་གསུངས་པའི་བདུད་རྩི་རིལ་བུ་སྦྱོར་ཚུལ་དང་། གསང་འདུས་རྩ་རྒྱུད་ནས་བཤད་པའི་བདུད་རྩི་རིལ་སྦྱོར་གྱི་ལག་ལེན་གསལ་བར་བཀོད་པ། རཀྟ་སོ་ལྔའི་སྦྱོར་ཚུལ་གསལ་བར་བཀོད་པ། མགོན་པོའི་སྤོས་སྦྱོར་བྱ་བའི་མན་ངག་གསལ་བར་བཀོད་པ། དྲག་པོའི་རྫས་ཐོ། བ་བྱུང་ལྔ་སྦྱོར་ཚུལ་གྱི་ལག་ལེན། ཀླུ་སྨན་སྡེབ་ཚུལ། བྱ་མ་སར་གྱི་སྒོ་ངའི་བཤད་པ། གནས་བརྟན་བཅུ་དྲུག་གི་བཞུགས་གནས་ངོས་འཛིན་མདོར་བསྡུས། བོད་སྔ་རབས་པ་དག་གི་ལྟ་བའི་བརྗེད་ཐོ། དམ་པ་གོང་མ་རྣམས་ཀྱི་གསུང་ཐོར་བུ་རང་གི་བརྗེད་ཐོར་བཀོད་པ། ལམ་གཙོ་རྣམ་གསུམ་གྱི་མཆན། ད་དུང་དཀྱིལ་འཁོར་གྱི་ཐིག་རྩ་སྣ་ཚོགས། བློས་བསླངས་བཞེངས་སྟངས་སོགས་གཞུང་ལུགས་དང་མན་ངག ད་དུང་ཉམས་ཆག་ཏུ་ཤོར་ལ་ཉེ་བའི་རྩ་ཆེའི་འདབ་ཆགས་འགའ་ཤས་ཀྱི་དབྱིངས་རྣམ་དང་ཁྱད་ཆོས། སྒོ་ང་རུམ་པ་དང་བྱ་ཕྲུག་གསོ་བའི་བརྒྱུད་རིམ་སོགས་ཀྱི་སྐོར་མང་པོ་ཞིག་བཞུགས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
