ཆོས་སྐྱོང་གི་ལྷུག་རྩོམ«མི་ཆོས་དང་རྩོམ་རིག»ཅེས་པ་པར་དུ་བསྐྲུན་པ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2026-02-15
ཀློག་གྲངས།:
ཉེ་ཆར། «སྦྲང་ཆར»དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་དང་རྩོམ་པ་པོ། བོད་ལྗོངས་སློབ་གྲྭ་ཆེན་མོ་རིག་གཞུང་སློབ་གླིང་གི་འབུམ་རམས་པ་ཆོས་སྐྱོང་ལགས་ཀྱི་ལྷུག་རྩོམ་དེབ་གསར«མི་ཆོས་དང་རྩོམ་རིག--ཆོས་སྐྱོང་གི་ལྷུག་རྩོམ་ཕྱོགས་བསྒྲིགས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

དེབ་དེར1997ལོར«ས་སྒང་སྔས་སུ་བྱས་པའི〈སྐར་མ་འོད་ཆེན〉»བྲིས་པ་ནས་བཟུང་། 2021ལོར«བསྒྲུགས་དང་བསྒྲིགས»སྤེལ་པའི་བར། མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཆད་མ་མཐུད་དུ་བརྩམས་པའི་རྩོམ་ཡིག23བསྡུས་པའི་ཁྲོད། «སྨྱུ་གུའི་གཏམ་རྒྱུད»དང«ཁ་བཏགས་དཀར་པོ»ལྟ་བུ། དོན་གྱི་བྱུང་བ་དང་ཡིད་ཀྱི་འགྱུར་བ་ཟུང་དུ་སྦྲེལ་བའི་གསར་རྩོམ་གྱི་རིགས་མཆིས་ལ། «ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་གི་ཡིན»དང«བྱེ་འཁན་གྱི་དྲི་ཞིམ་འཐུལ་བའི་གནས་དེ་ན»ལྟ་བུ། རང་བཞིན་དྲང་པོའི་ངག་ལ་དྲངས་པའི་དངོས་བྲིས་ཀྱི་སྐོར་ཡང་བསྡུས་ཡོད། «རྒ་བའི་སྡུག་བསྔལ་དང་གསོད་པའི་ཉེས་པ»དང«གངས་རྒྱན་རྟགས་མ»ལྟ་བུ། སྤྱི་ཚོགས་དཔྱད་བརྗོད་དང་རིག་གནས་དགག་སྒྲུབ་ཀྱི་ཡིག་ཚོགས་ཀྱང་སྤུངས་པར་མ་ཟད། «ཆུ་ཕྲན་ཞིག་གི་བཞུར་སྟངས»དང«ཕྱིར་མི་ལྡོག་པའི་ལམ»ལྟ་བུ། སྔོན་འགྲོ་དང་མཇུག་བྱང་གང་རུང་ལ་འཁོད་པའི་རང་མྱོང་གི་གཏམ་ཐར་ཐོར་སོགས་ཀྱང་འོས་ཀྱིས་བཅུག་སྟེ། བཅོས་སྒྱུར་སྒོ་འབྱེད་དང་དུས་མཉམ་དུ་སྐྱེས་ཤིང་། སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས། སྒྱུ་རྩོམ་དུས་དེབ་ཅིག་ཏུ་རྩོམ་སྒྲིག་པའི་ལས་ཀ་གཉེར་མཁན་ཞིག་གི་འཚར་ལོངས་དང་སྐྱིད་སྡུག་གི་ཚན་པ་རིང་ཡང་ཐུང་བ་ཞིག་གྲུབ་པས་ནི། ཀློག་པ་པོ་དག་གིས་འདིར་འཁོད་ཐམས་ཅད་ལྷུག་རྩོམ་དུ་འདོད་མིན་ཆི་ཆ། གང་ལྟར་སྒྱུ་རྩལ་གྱི་བརྩམས་ཆོས་བཞིན་རོ་ཞིག་ཡོད་ཚེ་མྱང་ཆོག་ལ། མི་སྒེར་གྱི་ཡིག་ཚགས་ལྟར་རིན་ཞིག་བྲིན་ཚེ་བཀླག་ཀྱང་རུང་ངོ་། །

གོ་སྐབས་འདི་དང་བསྟུན། དཔེ་སྐྲུན་འགྲེམས་སྤེལ་གྱི་མཐུན་རྐྱེན་བླ་ནས་སྦྱོར་མཁན་རྡོ་སྦིས་ཚེ་རིང་རྡོ་རྗེ་དང་། ཞུ་དག་ཐོ་གཏུག་གི་རོགས་རེས་གནང་མཁན་སློབ་གྲོགས་ཉང་བུ་བློ་བཟང་དཔལ་ལྡན་གཉིས་ལ་ཆེད་དུ་བཀའ་དྲིན་མི་དམན་པ་ཞུས་པའི་དུས་མཚུངས་སུ། འབྲེལ་ཐོགས་ལས་སྣེ་ཀུན་ལའང་ལེགས་སོ་དང་ལེགས་སོ་ཞེས་པའི་མཐེ་བོང་བསྒྲེངས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
