logo

འཇམ་དབྱངས་དར་རྒྱས་ཀྱི་ཡིག་ཚང་བསྒྱུར་འགྲེལ་པོད་ལྔ་པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-03-24 ཀློག་གྲངས།:
«མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ»པར་དུ་བསྐྲུན།

       ཉེ་ཆར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལོ་ཙཱ་བ་འབལ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི«མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ»པོད་ལྔའི་བདག་ཉིད་ཅན་པར་སྐྲུན་འགྲེམས་སྤེལ་བྱས།
མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ། པོད་དང་པོ།
       «ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མ»ནི་ཐང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ཆ་ཚང་བར་བཀོད་པ་སྔ་ཤོས་ཀྱི་དེབ་ཐེར་ཞིག་ཡིན། དེབ་ཐེར་འདི་ཅིན་ཕྱི་མའི(སྤྱི་ལོ936—947པ)དུས་སུ་ལིའུ་ཞུས་སོགས་ཀྱིས་བསྒྲིགས་ཏེ་སྤྱི་ལོ945ལ་ལེགས་པར་གྲུབ། དེབ་ཧྲིལ་པོར་ཁྱོན་བསྡོམས་བམ་པོ200ཡོད། དེབ་ཐེར་འདི་ཉིད་ལྟོས་བཅས་སུ་ལོ་རྒྱུས་དོན་རྐྱེན་བརྗོད་པ་ཞིབ་གསལ་ཡིན་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་པོ་ཡོད། དེར་བརྟེན་ཕྱི་རབས་པ་རྣམས་ཀྱིས་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། སུང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་སྨྲ་བ་སི་མ་ཀོང་གིས«སྲིད་སྐྱོང་མེ་ལོང»དུ་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་འབྲི་དུས་ཀྱང་དེབ་ཐེར་འདི་གཞིར་བཟུང་ཡོད་པར་བརྗོད། འདིའི«བོད་ཀྱི་ལོ་རྒྱུས»ནི་ཀྲུང་ཧྭ་དཔེ་སྐྲུན་ཁང་གི2000ལོའི་པར་གཞི་གཞིར་བཟུང་ནས་བསྒྱུར་བ་ཡིན་ནོ། །«ཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ»ནི་སུང་རྒྱལ་རབས་བྱང་མའི་ཅ་ཡིའུ་ཁྲི་ལོ་ལྔ་པ་སྟེ་སྤྱི་ལོ1060ལ་ལེགས་པར་གྲུབ། ཁྱོན་བསྡོམས་བམ་པོ225ཡོད། འབྲི་མཁན་གཙོ་བོ་ཨོའུ་དབྱང་ཞིའུ་དང་། སུང་ཆི། ཧྥན་ཀྲེན། ལུའེ་ཞ་ཆིང་སོགས་ཡིན་ཞིང་། དེབ་ཐེར་གྲུབ་རྗེས་ཨོའུ་དབྱང་ཞིའུ་དང་སུང་ཆི་གཉིས་ཀྱི་མིང་བཀོད་པ་རེད། དེབ་ཐེར་འདིའི་ནང་ཁྲིམས་སྲོལ་ལམ་ལུགས་སོགས་ཀྱི་སྐོར་ལ་གཙིགས་ཆེན་གནང་སྟེ། སྔོན་གྱི་དེབ་ཐེར་དུ་མེད་པའི་འདེམས་བསྐོའི་ལམ་ལུགས་དང་དམག་གི་ལམ་ལུགས་སོགས་བསྣན་ཡོད་པ་དང་། ས་ཁམས་ལོ་རྒྱུས་སོགས་བྲིས་པ་ཞིབ་གསལ་ལྡན་ལ། བརྗོད་དོན་གྱི་ཆ་ནས་གསར་དུ་བསྣན་པ་ཅུང་མང་བ་ནི་འདིའི་ཁྱད་ཆོས་དང་ཡོན་ཏན་གྱི་ཆ་ཡིན་པར་བརྗོད། འདིའི«བོད་ཀྱི་ལོ་རྒྱུས»ནི་ཀྲུང་ཧྭ་དཔེ་སྐྲུན་ཁང་གི2000ལོའི་པར་གཞི་གཞིར་བཟུང་ནས་བསྒྱུར་བ་ཡིན་ནོ། །«ཐུང་ཏེན»ནི་ཐང་རྒྱལ་རབས་དུས་ཀྱི་ཏུའུ་ཡིའུ(སྤྱི་ལོ735—812པ)ཞེས་པས་བརྩམས་ཤིང་། སྤྱི་ལོ801ལ་ཡོངས་སུ་གྲུབ། ཁྱོན་བསྡོམས་བམ་པོ200ཡོད། བརྗོད་བྱ་ནི་རྒྱའི་ངག་རྒྱུན་དུས་རབས་ནས་ཐང་རྒྱལ་རབས་ཀྱི་གོང་མ་ཏའེ་ཙུང་བར་གྱི་རྒྱལ་རབས་སོ་སོའི་ཁྲིམས་སྲོལ་ལམ་ལུགས་བཟོས་ཚུལ་དང་འཕེལ་རིམ་གྱི་སྐོར་ཡིན། ནང་དོན་གྱི་ཆ་ནས་སྡེ་ཚན་དགུ་རུ་ཕྱེ་ཡོད་པ་དང་། སྡེ་ཚན་རེ་རེར་ནང་གསེས་དོན་ཚན་དུ་མར་ཕྱེ་བ་ཁྱོན་བསྡོམས་དོན་ཚན1584ཡོད། དེབ་འདིར་བསྒྱུར་བའི་བོད་ཀྱི་སྐོར་ནི1989ལོར་ཀྲུང་ཧྭ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«ཀུན་འདུས་ཡིག་མཛོད»ཅེས་པའི་ཝུའུ་ཡིང་ཚོམས་ཆེན་གྱི་པར་གཞི་དེ་ཉིད་གཞིར་བཟུང་ཡོད། «ཐང་རྒྱལ་རབས་ཀྱི་ལམ་སྲོལ་གནད་བསྡུས» («唐会要»)ནི་ཝང་ཕུའུ(སྤྱི་ལོ922—982པ)ཞེས་པས་བསྒྲིགས་ཤིང་། སྤྱི་ལོ961པར་བརྩམས་ནས་གྲུབ། ཁྱོན་བསྡོམས་བམ་པོ100ཡོད། འདི་ཉིད་ཐང་རྒྱལ་རབས་དུས་ཀྱི་ཁྲིམས་སྲོལ་ལམ་ལུགས་ཁག་གི་བྱུང་འཕེལ་གྱི་སྐོར་བྲིས་པའི་ལོ་རྒྱུས་བརྩམས་ཆོས་ཤིག་ཡིན་ཞིང་། དེབ་འདི་བྱུང་བ་ནས་བཟུང“会要”དུ་འབོད་པའི་ལོ་རྒྱུས་ཀྱི་རྩོམ་ལུས་འདིའི་སྲོལ་བཏོད་པ་ཡིན་པས། འདི་ཉིད་རྩོམ་ལུས་དེ་རིགས་ལས་སྔ་ཤོས་ཀྱང་ཡིན། འདི་ཉིད་ཀུན་གྱིས་ཐང་རྒྱལ་རབས་ཀྱི་ལམ་སྲོལ་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་བརྩི་བ་རེད། དེབ་འདིའི་ནང་གི་བོད་ཀྱི་སྐོར་ནི་ཀྲུང་ཧྭ་དཔེ་སྐྲུན་ཁང་གི1955ལོའི་པར་གཞི་གཞིར་བཟུང་ནས་བསྒྱུར་བ་ཡིན་ནོ། །«རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ»དང་། «རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ» «སུང་རྒྱལ་རབས་ཀྱི་ལོ་རྒྱུས»བཅས་གསུམ་ཡང«ཐང་རྒྱལ་རབས་ཀྱི་ལོ་རྒྱུས»གསར་རྙིང་གཉིས་དང་མཚུངས་པར་མི་སྣའི་ལོ་རྒྱུས་གཙོ་བོར་འབྲི་བའི་དེབ་ཐེར(纪传体)གྱི་རིགས་སུ་གཏོགས་ལ། “དེབ་ཐེར་ཉེར་བཞི”ཡི་ཡ་གྱལ་ཡང་ཡིན། འདི་དག་ཏུ་གཙོ་བོ་མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་རྒྱལ་རབས་ལྔའི་དུས་ཀྱི་བོད་ཀྱི་ཚོ་པ་ཁག་ཅིག་དང་། ཙོང་ཁའི་སྲིད་དབང་དང་འབྲེལ་བའི་ལོ་རྒྱུས་དོན་རྐྱེན་ཁག་ཅིག་བཀོད་ཡོད་པ་དག་ཀྱང་དཔྱད་གཞི་ཡིག་རིགས་གལ་ཆེན་དུ་གཏོགས་སོ། །
མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ། པོད་གཉིས་པ།
       «སྲིད་སྐྱོང་མེ་ལོང»ནི་སུང་བྱང་མའི་དུས་ཀྱི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་སི་མ་ཀོང(1019—1086)སོགས་ཀྱིས་སྤྱི་ལོ1084པར་བརྩམས་ནས་གྲུབ། དེབ་ཐེར་འདི་ནི་ལོ་དུས་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་པའི་ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར(编年体通史)ཐོག་མ་ཡིན་ཞིང་། ཁྱོན་བསྡོམས་བམ་པོ294ཡོད། བརྗོད་བྱའི་ནང་དོན་ནི་རྒྱའི་ཀྲན་གོ་དུས་སྐབས་ཀྱི་སྤྱི་ལོའི་སྔོན་གྱི་ལོ403ནས་བཟུང་སྟེ་ཀྲོའུ་ཕྱི་མའི་ཞན་ཏེ་ཁྲི་ལོ6པ་སྟེ་སྤྱི་ལོ959པའི་བར་གྱི་ལོ་རྒྱུས་ཡིན། དེབ་ཐེར་འདིར་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པ། དོན་གྱི་བྱུང་བའི་གོ་རིམ་གསལ་ཞིང་ཚགས་དམ་པ། རྒྱས་བསྡུས་རན་ཞིང་དཔྱད་པ་གནད་དུ་ཐིངས་པ། རྣམ་འགྱུར་གཟབ་ནན་ཆེ་ཞིང་བདེན་པ་བདེན་ཐུབ་ཡོང་བར་བརྩོན་པ། རྗོད་བྱེད་ཀྱི་ཚིག་དངོས་གཙང་དང་། རྒྱུན་ཆགས་པ། ཉམས་ཀྱིས་ཕྱུག་པ་སོགས་ཡོན་ཏན་གྱི་ཆ་མང་དུ་མངའ་བས། འདི་དང་ཧན་རྒྱལ་རབས་དུས་ཀྱི་ལོ་རྒྱུས་སྨྲ་བ་སི་མ་ཆན་གྱིས་བརྩམས་པའི«ལོ་རྒྱུས་ཟིན་ཐོ»གཉིས་ནི་ཀྲུང་གོའི་ལོ་རྒྱུས་བསྟན་བཅོས་ཁྲོད་ཆེས་ཁྱད་དུ་འཕགས་པའི་བསྟན་བཅོས་གཉིས་སུ་རྩི། འདི་ཉིད་ལོ་རྒྱུས་ཀྱི་བསྟན་བཅོས་ཤིག་ཡིན་པའི་ཆ་ནས་སྔོན་བྱུང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆ་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད། དེབ་ཐེར་འདི་རྩོམ་པའི་དམིགས་ཡུལ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དར་རྒུད། སྲིད་སྐྱོང་མཁན་རྣམས་ཀྱི་བྱ་བྱེད་དང་མཐའ་འབྲས་བཅས་བྲིས་པ་བརྒྱུད་ནས་དབང་འཛིན་པ་རྣམས་ལ་སྔ་བྱུང་ཕྱི་འདོམས་ཀྱི་ནུས་པ་འཐོན་རྒྱུ་དེ་ཡིན་གཤིས། ཕྱིས་ཀྱི་གོང་མ་རྒྱལ་པོ་དང་། ཞི་དྲག་དཔོན་རིགས། རིག་གནས་པ་ལ་སོགས་པས་དེབ་ཐེར་འདི་ཉིད་ངེས་པར་དུ་བཀླག་དགོས་པའི་བསྟན་བཅོས་དཔེ་མེད་ཅིག་ཏུ་རྩི་བ་དང་། དེབ་ཐེར་འདིར་དཔྱད་མཆན་འགོད་མཁན་ཆབ་སྲིད་པ་དང་། བསམ་བློ་པ། མཁས་པ་བཅས་ཀྱང་གནའ་ནས་ད་བར་བགྲང་གིས་མི་ལང་བ་བྱུང་ཡོད། བོད་འགྱུར་མ་འདི་ནི་སྐུ་ཞབས་སུའུ་ཅིན་རེན་གྱིས་བསྒྲིགས་ཤིང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས1982ལོར་པར་དུ་བསྐྲུན་པའི«སྲིད་སྐྱོང་མེ་ལོང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས»ཞེས་པ་གཞིར་བཟུང་ཞིང་། ཀྲུང་ཧྭ་དཔེ་སྐྲུན་ཁང་གིས1956ལོར་པར་དུ་བསྐྲུན་པའི«སྲིད་སྐྱོང་མེ་ལོང»གི་པར་གཞི་དང་ཡང་བསྡུར་ཐོག་འདོར་ལེན་ཏོག་ཙམ་བྱས་ཏེ་བོད་ཡིག་ཏུ་བསྒྱུར་བ་ཡིན་ནོ། །
མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ། པོད་གསུམ་པ།
       «ཡིག་ཚང་མ་ཧཱ་རུས་སྦལ»ནི་ཀྲུང་གོའི་གནའ་རབས་ཀྱི་རིགས་དབྱེ་དེབ་ཏུ་གཏོགས་པའི་དེབ་ཐེར་གྲགས་ཅན་ཞིག་ཡིན་ཞིང་། སུང་རྒྱལ་རབས་བྱང་མའི་དུས་ཀྱི“དེབ་ཆེན་བཞིའི”ཡ་གྱལ་ཡང་ཡིན། དེབ་ཐེར་དེ་སུང་རྒྱལ་རབས་བྱང་མའི་དུས་ཀྱི་བློན་ཆེན་ཝང་ཆིན་རུའོ(སྤྱི་ལོ962—1025)སོགས་ཀྱིས་གོང་མའི་བཀའ་བཞིན་བསྒྲིགས་ཤིང་། སྤྱི་ལོ1013ལ་ལེགས་པར་གྲུབ། ཁྱོན་བསྡོམས་བམ་པོ1000ཡོད་པ་ལས་ནང་གསེས་སྡེ་ཚན31དང་། དབྱེ་སྒོ1004རུ་ཕྱེ་ཡོད། དེབ་འདིའི་ནང་ཀྲུང་གོའི་ངག་རྒྱུན་དུས་རབས་ནས་རྒྱལ་རབས་ལྔའི(སྤྱི་ལོ907—960)དུས་ཏེ། སུང་རྒྱལ་རབས་ཡན་གྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དོན་རྐྱེན་དང་མི་སྣ་སོགས་ཀྱི་སྐོར་སྡེ་ཚན་དང་དབྱེ་སྒོ་མང་པོར་ཕྱེ་ནས་དུས་ཀྱི་གོ་རིམ་བཞིན་བསྒྲིགས་ཡོད་ལ། འདིའི་ནང་བཀོད་པ་ཚང་མ་དུས་རབས་རིམ་བྱུང་གི་ལོ་རྒྱུས་བསྟན་བཅོས17གྱི་བརྗོད་དོན་གཙོར་བཟུང་ནས་བཀོད་ཡོད་པའི་ཐོག རུའུ་ལུགས་ཀྱི་བསྟན་བཅོས་ཁག་དང་། རུའུ་ལུགས་ལས་གཞན་པའི་རིག་གཞུང་གྲུབ་མཐའ་ཁག་གི་བསྟན་བཅོས་སུ་བཀོད་པའི་ནང་དོན་ཁག་ཅིག་ཀྱང་བཏུས་ནས་བསྒྲིགས་ཡོད་པས་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་ལ། དཔྱད་གཞིའི་ཡིག་རིགས་རྣམས་ལ་བཟོ་བཅོས་དང་སྣོན་འཕྲི་མེད་པར་ཇི་བཞིན་དྲངས་ཡོད་གཤིས། འདི་ཉིད་སུང་རྒྱལ་རབས་སྔོན་གྱི་ལོ་རྒྱུས་བསྟན་བཅོས་དག་གི་ཆད་པ་སྐོང་བ་དང་། ཕན་ཚུན་ཞིབ་བསྡུར་བྱེད་པར་རིན་ཐང་ཆེན་པོ་ལྡན་པར་བརྗོད། སྒྲིག་སྟངས་ཀྱི་ཐད་ནས་ལོ་དུས་ཀྱི་རིམ་པ་ལྟར་འབྲི་བའི་དེབ་ཐེར་གྱི་རྩོམ་ལུས(编年体)དང་། མི་སྣའི་ལོ་རྒྱུས་རེ་རེ་བཞིན་འབྲི་བའི་དེབ་ཐེར་གྱི་རྩོམ་ལུས(纪传体)གཉིས་ཀྱི་འབྲི་སྟངས་ཟུང་འབྲེལ་དུ་བསྒྲིགས་པ་ཞིག་གོ །འདིའི་ནང་བོད་ཀྱི་སྐོར་རྣམས་སྡེ་ཚན་དང་དབྱེ་སྒོ་སོ་སོའི་བར་གསེང་དུ་ཐར་ཐོར་དུ་བཀོད་ཡོད་ཅིང་། དུས་རབས20པའི་ནང་སྐུ་ཞབས་སུའུ་ཅིན་རེན་དང་ཞའོ་ལེན་ཙི་གཉིས་ཀྱིས་དེབ་ཐེར་དེའི་ནང་གི་བོད་ཀྱི་སྐོར་རྣམས་ལོགས་སུ་བཏོན་ཅིང་། འབྲེལ་ཡོད་དེབ་ཐེར་གཞན་དག་དང་བསྡུར་ཏེ་ཞུ་དག་གནང་བ་བརྒྱུད། «ཡིག་ཚང་མ་ཧཱ་རུས་སྦལལས་བོད་ཀྱི་ལོ་རྒྱུས་ཡིག་རིགས་ཀྱི་སྡུར་ཞུས»ཞེས་པའི་དེབ་ཅིག་བསྒྲིགས་ཤིང་། སྤྱི་ལོ1981པའི་ཟླ12པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། བོད་འགྱུར་མ་འདི་ནི་པར་གཞི་དེ་གཞིར་བཟུང་སྟེ་བསྒྱུར་བ་ཡིན་ནོ། །
མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ། པོད་བཞི་པ།
       པོད་བཞི་པར«ཧན་རྒྱལ་རབས་ཀྱི་ལོ་རྒྱུས» «ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས» «ཅིན་རྒྱལ་རབས་ཀྱི་ལོ་རྒྱུས» «སུང་རྒྱལ་རབས་ཀྱི་ལོ་རྒྱུས» «ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས» «ལིའང་རྒྱལ་རབས་ཀྱི་ལོ་རྒྱུས» «ཝེ་རྒྱལ་རབས་ཀྱི་ལོ་རྒྱུས» «ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས» «རྒྱལ་རབས་བྱང་མའི་ལོ་རྒྱུས»བཅས་རྒྱ་ཡིག་གི་དེབ་ཐེར9རུ་བཀོད་པའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་ཚོ་པ་ཁག་ཅིག་གི་ལོ་རྒྱུས་རྒྱུ་ཆ་བོད་ཡིག་ཏུ་བསྒྱུར་ཡོད་ཅིང་། དེབ་ཐེར་དེ་དག་རྩོམ་ལུས་ཀྱི་ཆ་ནས་བཤད་ན་མི་སྣའི་ལོ་རྒྱུས་གཙོ་བོར་འབྲི་བའི་དེབ་ཐེར(纪传体)དང་། དུས་མཚམས་གཅིག་གི་ལོ་རྒྱུས་བརྗོད་པའི་དེབ་ཐེར(断代史)དུ་གཏོགས་ཤིང་། གཞུང་ཕྱོགས་ནས་ཁས་ལེན་ཞིང“ཡིད་རྟོན་རུང་བའི་ལོ་རྒྱུས”(信史)སུ་འབོད་པའི“དེབ་ཐེར་ཉེར་བཞི”ཡི་གྲས་སུའང་གཏོགས། ད་ལམ་བོད་ཡིག་ཏུ་བསྒྱུར་བའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་། མི་རིགས་དང་ཚོ་པ་དེ་དག་གི་ལོ་རྒྱུས་ནི་གོང་གི་རྒྱལ་རབས་ལོ་རྒྱུས་དག་གི་ཟུར་བཀོད་ལོ་རྒྱུས(列传)ཞེས་པའི་ཁོངས་སུ་ཡོད་ཅིང་། འགྱུར་གྱི་མ་ཕྱི་ནི2000ལོར་ཀྲུང་ཧྭ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་གཞིར་བཟུང་ཡོད། པོད་འདིར་བཀོད་པའི་རྒྱལ་ཕྲན(མི་རིགས་དང་ཚོ་པ)ཁག་ལས། ཐུ་ལུ་ཧུན་ལྟ་བུ་ཕུད་གཞན་དག་ཚང་མ“ཆཱང་རྒྱུད་མི་རིགས”(羌系民族)ཞེས་པར་གཏོགས་པ་དང་། སྐད་བརྡ་རིག་པའི་ལས་རིགས་ཀྱི་རྗོད་སྟངས་ལྟར་ན་བོད་འབར་སྐད་རིགས(藏缅语族)སྨྲ་མཁན་གྱི་ཁོངས་སུ་གཏོགས། ལོ་རྒྱུས་ཐོག་དེ་དག་ཀུན་ཀྱང་མཚོ་བོད་མཐོ་སྒང་དང་། མཚོ་བོད་མཐོ་སྒང་གི་ཉེ་འཁོར་གང་རུང་དུ་འཚོ་བ་རོལ་མྱོང་བའི་མི་རིགས་ཡིན་གཤིས། དེ་དག་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་མཐའ་དག་མཚོ་བོད་མཐོ་སྒང་གི་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་ཡིག་ཚང་གི་རིན་ཐང་ངེས་ཅན་ཡོད་དོ། །
མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ། པོད་ལྔ་པ།
       པོད་ལྔ་པར«སུའེ་རྒྱལ་རབས་ཀྱི་ལོ་རྒྱུས» «ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མ» «ཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ» «རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ» «རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ» «སུང་རྒྱལ་རབས་ཀྱི་ལོ་རྒྱུས» «ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས» «ཅིན་རྒྱལ་རབས་ཀྱི་ལོ་རྒྱུས»བཅས་རྒྱ་ཡིག་གི་དེབ་ཐེར9རུ་བཀོད་པའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་ཚོ་པ་ཁག་གི་ལོ་རྒྱུས་རྒྱུ་ཆ་བོད་ཡིག་ཏུ་བསྒྱུར་ཡོད་ཅིང་། དེ་དག་ལས«ཐང་གི་ལམ་སྲོལ་གནད་བསྡུས»ཞེས་པ་དེ་ཁྲིམས་སྲོལ་ལམ་ལུགས་གཙོར་བརྗོད་པའི་དེབ་ཐེར་གྱི་རྩོམ་ལུས་ཅན(会要)ཡིན་པ་ཕུད། གཞན་དག་ཚང་མ་རྩོམ་ལུས་ཀྱི་ཆ་ནས་མི་སྣའི་ལོ་རྒྱུས་གཙོ་བོར་འབྲི་བའི་དེབ་ཐེར(纪传体)དང་། དུས་མཚམས་གཅིག་གི་ལོ་རྒྱུས་བརྗོད་པའི་དེབ་ཐེར(断代史)དུ་གཏོགས་ཤིང་། གཞུང་ཕྱོགས་ནས་ཁས་ལེན་ཞིང“ཡིད་རྟོན་རུང་བའི་ལོ་རྒྱུས”(信史)སུ་འབོད་པའི“དེབ་ཐེར་ཉེར་བཞི”ཡི་གྲས་སུའང་གཏོགས། ད་ལམ་བོད་ཡིག་ཏུ་བསྒྱུར་བའི་་བོད་ཡིག་ཏུ་བསྒྱུར་བའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་། མི་རིགས་དང་ཚོ་པ་དེ་དག་གི་ལོ་རྒྱུས་ནི་གོང་གི་རྒྱལ་རབས་ལོ་རྒྱུས་དག་གི་ཟུར་བཀོད་ལོ་རྒྱུས(列传)ཞེས་པའི་ཁོངས་སུ་ཡོད་ཅིང་། འགྱུར་གྱི་མ་ཕྱི་ནི2000ལོར་ཀྲུང་ཧྭ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་གཞིར་བཟུང་ཡོད། པོད་འདིར་བཀོད་པའི་རྒྱལ་ཕྲན(མི་རིགས་དང་ཚོ་པ)ཁག་ལས། ཐུ་ལུ་ཧུན་ལྟ་བུ་ཕུད་གཞན་དག་ཚང་མ“ཆཱང་རྒྱུད་མི་རིགས”(羌系民族)ཞེས་པར་གཏོགས་པ་དང་། སྐད་བརྡ་རིག་པའི་ལས་རིགས་ཀྱི་རྗོད་སྟངས་ལྟར་ན་བོད་འབར་སྐད་རིགས(藏缅语族)སྨྲ་མཁན་གྱི་ཁོངས་སུ་གཏོགས། ལོ་རྒྱུས་ཐོག་དེ་དག་ཀུན་ཀྱང་མཚོ་བོད་མཐོ་སྒང་དང་། མཚོ་བོད་མཐོ་སྒང་གི་ཉེ་འཁོར་གང་རུང་དུ་འཚོ་བ་རོལ་མྱོང་བའི་མི་རིགས་ཡིན་གཤིས། དེ་དག་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་མཐའ་དག་མཚོ་བོད་མཐོ་སྒང་གི་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་ཡིག་ཚང་གི་རིན་ཐང་ངེས་ཅན་ཡོད་དོ། །
ལོ་ཙཱ་པ་འབལ་འཇམ་དབྱངས་དར་རྒྱས།
       ཁོང་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང«མཚོ་སྔོན་སྤྱི་ཚོགས་ཚན་རིག(བོད་ཡིག་པར་གཞི)»དུས་དེབ་ཁང་གི་ལག་བསྟར་གཙོ་སྒྲིག་པ་དང་རྩོམ་ཞིབ་པ་ཆེན་མོ་ཡིན། རྒྱལ་ཡོངས་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་སྐབས་གཉིས་པ་དང་གསུམ་པའི་ཆེད་མཁས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་ཨུ་ཡོན་བཅས་ཡིན། «རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས»(དེབ1-5པ)དཔེ་ཚོགས་ཀྱིས་གཙོས་པའི་བསྒྱུར་དེབ17པར་དུ་བསྐྲུན་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རིག་གཞུང་དཔྱད་རྩོམ20ལྷག་དང་། འགྱུར་རྩོམ200ལྷག་འབྲེལ་ཡོད་དུས་དེབ་ཏུ་བཀོད། སྲིད་དོན་ཡིག་ཆ་སྣ་ཚོགས་བོད་ཡིག་ཏུ་བསྒྱུར་བའི་ཡིག་གྲངས་ས་ཡ3ཙམ་ཟིན། གཞན་དང་མཉམ་འབྲེལ་གྱིས་བརྡ་ཆད་གསར་པ་དང་ས་མིང་སོགས་ཀྱི་མིང་མཛོད3བསྒྲིགས་ཏེ་པར་དུ་བཏབ་ཡོད། ད་ལྟའི་བར་དུས་དེབ་འདོན་ཐེངས150ལྷག་དང་། དཔེ་དེབ110ལྷག་ཙམ་གྱི་རྩོམ་སྒྲིག་གི་འགན་ཁུར་མྱོང་།
འབྲེལ་ཡོད་འོས་སྦྱོར།