logo

ཏུན་ཧོང་བོད་ཡིག་ཡིག་ཚགས་རིག་དབྱེ་དག་སྒྲིག་དཔེ་ཚོགས་དེབ་བཅུ་གཅིག་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།

རྩོམ་པ་པོ།:འབྲུག་རྒྱལ་མཁར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2026-04-01 ཀློག་གྲངས།:
       ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་དང་དགེ་རྒན་ཆེན་མོ་མཐའ་བ་བཀྲ་ཤིས་དོན་འགྲུབ་སོགས་ཀྱིས་བསྒྲིགས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་རིགས་དབྱེ་དག་སྒྲིག་དཔེ་ཚོགས་དེབ་བཅུ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་རྒྱལ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟོབས་ལྡན་སོགས་ཀྱིས་བསྒྲིགས་པའི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྨན་རྩིས་ཡིག་ཚགས་ཕྱོགས་བསྒྲིགས་དེབ་གཅིག་བཅས་ཁྱོན་བསྡོམས་དེབ་བཅུ་གཅིག༢༠༢༦ལོའི་ཟླ༣པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།
       དེབ་བཅུ་གཅིག་ཅན་གྱི་དཔེ་ཚོགས་འདིར་གཙོ་བོ་པོ་ཞིས་ཧིས་བསྡུ་སྒྲིག་བྱས་ཤིང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དང་། སི་ཐན་དབྱིན་གྱིས་བསྡུ་སྒྲིག་བྱས་ལ་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་བསྡུས་ཡོད་པ་ལས་གཞན། འཇར་མན་རྒྱལ་གཉེར་དཔེ་མཛོད་ཁང་དང་། དེ་བཞིན་ཨུ་རུ་སུ་དང་འཇར་པན། རང་རྒྱལ་གྱི་པེ་ཅིང་གྲོང་ཁྱེར་སོགས་སུ་ཉར་པའི་ཏུན་ཧོང་ཡིག་ཚགས་རྣམས་ཨང་རིམ་ལྟར་ནང་དོན་རིགས་བགར་ནས་བཀོད་ཡོད། ནང་དོན་དང་ཁ་གྲངས་ཀྱི་ཆ་ནས་བོན་དང་འབྲེལ་བའི་སྐོར་ཡིག་ཚགས༢༣དང་། བསམ་གཏན་གྱི་སྐོར་ཡིག་ཚགས༣༩། དཔལ་འབྱོར་དང་དཔང་རྒྱའི་སྐོར་ཡིག་ཚགས༡༠༡། ལོ་རྒྱུས་ཀྱི་སྐོར་ཡིག་ཚགས༧༧། རྩོམ་རིག་གི་སྐོར་ཡིག་ཆགས༧༣། སྐད་བརྡ་རིག་པའི་སྐོར་ཡིག་ཚགས༤༦། དབུ་མའི་སྐོར་ཡིག་ཚགས༡༩། མོ་ལྟས་ཀྱི་སྐོར་ཡིག་ཚགས༧༨། རྒྱུད་གཞུང་གི་སྐོར་དེབ་གཉིས་ལ་བསྡོམས་ཡིག་ཚགས༢༦༤། སྨན་རྩིས་ཀྱི་སྐོར་ཡིག་ཚགས༤༩བཅས་ནང་དོན་རིགས་བཅུ་དང་ཡིག་ཚགས་ཁ་གྲངས་ཁྱོན་བསྡོམས༧༦༩ཡོད་ལ། དེར་བོད་བཙན་པོའི་སྐབས་ཀྱི་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་། ལྷག་པར་དུ་བོད་དང་སྐབས་དེའི་མི་རིགས་མང་པོ་ཕན་ཚུན་འབྲེལ་འདྲིས་བྱུང་བའི་གནས་ཚུལ་བཀོད་ཡོད་པས། དེ་ལ་ལོ་རྒྱུས་དང་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གོང་མཐོར་གཏོང་བ་སོགས་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་མཆིས།
       དཔེ་ཚོགས་འདི་སྔོན་ཆད་པར་དུ་བསྐྲུན་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཀྱི་དཔེ་དེབ་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ནི། སྔོན་ཆད་དཔེར་ན་ཧྲང་ཧེ་གནའ་དཔེ་དཔེ་སྐྲུན་ཁང་སོགས་ནས་ཐོན་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ལ་ནང་དོན་གྱི་ཐད་ནས་རིགས་བགར་མེད་པ་དང་། མ་ཕྱི་ཇི་བཞིན་པར་དུ་བཏབ་ཡོད་ཀྱང་ཟུར་དུ་ཡི་གེ་བཏགས་མེད་ཅིང་། ལྷག་པར་དུ་དེབ་རེར་རིན་གོང་སྒོར་སྟོང་ཕྲག་ལྷག་ཡིན་པས་མི་སྒེར་ཞིག་ལ་མཚོན་ན་འགྲོ་གྲོན་ཤིན་ཏུ་ཆེ་ཕྱིར་སྟབས་བདེ་པོ་མེད། དེ་མིན་ས་ཆ་གཞན་ནས་པར་དུ་བསྐྲུན་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཀྱི་དཔེ་དེབ་ཁག་ཅིག་ལ་མཚོན་ན་གཅིག་ནས་ནང་དོན་ལ་རིགས་བགར་མེད་པ་དང་། གཉིས་ནས་མ་ཡིག་གི་ཡི་གེ་བཏགས་ཡོད་ཀྱང་མ་ཕྱིའི་པར་རིས་ཟུར་དུ་བཀོད་མེད་པས་ཡི་གེ་ལ་ནོར་འཁྲུལ་ཡོད་མེད་མ་ཡིག་དང་བསྡུར་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོད། འོན་ཏེ་ད་ཐེངས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དཔེ་ཚོགས་འདི་ལ་མཚོན་ན། ཡིག་ཚགས་ཀྱི་མ་ཕྱིའི་ཡི་གེའི་ཐིག་ཕྲེང་ལྟར་ཨང་རྟགས་བཀོད་དེ་ཡི་གེ་རེ་རེ་བཞིན་ངོས་བཟུང་ནས་ལེགས་པར་བཤུས་ལ། ཡིག་ཚགས་རེ་རེའི་ཡི་གེའི་རྗེས་སུ་དེའི་མ་ཕྱིའི་པར་རིས་བཞག་ཡོད་པས། ལྟ་ཀློག་གི་གོ་རིམ་ཁྲོད་ཡི་གེ་བཏགས་ནོར་བྱུང་ཡོད་མེད་ལ་དོགས་པ་ཡོད་ཚེ་ཐད་ཀར་མ་ཕྱིའི་པར་རིས་དང་བསྡུར་ཆོག གཞན་ཡང་དཔེ་ཚོགས་འདི་སྤུས་ལེགས་པར་མ་ཡིན་ལ། པར་སྒྲིག་ཇུས་འགོད་དང་ཡི་གེ་ཞུ་དག་སོགས་ཕྱོགས་གང་ཐད་ནས་རྒྱུ་སྤུས་ཧ་ཅང་བཟང་ཞིང་རིན་གོང་ཡང་ཆུང་བས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།