བོད་ཀྱི་གསོ་རིག་སྐོར་གྱི་དེབ་གསར་གཉིས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-04-17
ཀློག་གྲངས།:
ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གློ་ནད་སྡེ་ཁག་ནས་བསྒྲིགས་ཤིང་བསོད་ཁོས་སྒྲིག་རྩོམ་བྱས་པའི་དེབ་གསར«བོད་ཀྱི་གསོ་བ་རིག་པའི་གློ་ནད་སྐོར་གྱི་ཡིག་ཚང་གཅེས་བཏུས»ཞེས་པ་དང་ཁྲོ་ཁོ་བློ་བཟང་རྒྱ་མཚོས་བརྩམས་པའི་དེབ་གསར«བོད་ལུགས་གསོ་བ་རིག་པའི་ལྟོ་སྦྱོང་ལག་ལེན་པོད་ཆུང་འཚོ་བྱེད་མཁས་པའི་རྒྱན་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ»ཞེས་པའི་དརབ་གསར་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

བོད་ཀྱི་གསོ་བ་རིག་པའི་གློ་ནད་སྐོར་གྱི་ཡིག་ཚང་གཅེས་བཏུས་ཞེས་པ་འདི་ནི། བོད་སྨན་གྱི་ནད་ཐོག་ཆེད་ལས་པ་དང་། རིག་གཞུང་ཞིབ་འཇུག་པ། ཞིབ་འཇུག་སློབ་མ་བཅས་ལ་དམིགས་ནས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ལ། ནང་དོན་གྱི་ཐད་ནས་དོན་སྣོད་གསོ་བ་ལས་གློ་ནད་དང་། ཁོང་ནད་གསོ་བ་ལས་གཅོང་ཆེན་ཟད་བྱེད། ཐོར་ནད་གསོ་བ་ལས་དབུགས་མི་བདེ་བ། དེ་མིན་ཆམ་རིམས་སྐོར་གྱི་ཡིག་ཚང་རྣམས་དཀྱུས་གཅིག་ཏུ་བཀོད་པ་སྟེ། གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་དང་། བོད་ཀྱི་གསོ་རིག་ཀུན་བཏུས། ཨ་རུ་རའི་དཔེ་ཚོགས། ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་སོགས་སུ་བཞུགས་སུ་གསོལ་བའི་དཔེ་རྙིང་ལས་གློ་ནད་སྐོར་གྱི་ཡིག་ཚང་ཁོལ་དུ་ཕྱུངས་ཤིང་། ཕལ་ཆེར་བརྩམས་པའི་དུས་ཀྱི་སྔ་ཕྱི་ལྟར་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ལ། འདིས་བོད་ཀྱི་གསོ་བ་རིག་པའི་གློ་ནད་སྐོར་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་ཡིག་ཆ་ཅུང་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་དང་སྟབས་བདེ་བསྐྲུན་པའི་རེ་བ་བཅངས་ཡོད་དོ། །
དེབ་གསར«བོད་ལུགས་གསོ་བ་རིག་པའི་ལྟོ་སྦྱོང་ལག་ལེན་པོད་ཆུང་འཚོ་བྱེད་མཁས་པའི་རྒྱན་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ»ཞེས་པ་འདིར། རྩོམ་པ་པོས་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་སྲུང་གྲགས་པའི་བཀའ་དྲིན་འོག། བོད་ལུགས་གསོ་རིག་གི་ལག་ལེན་བཅོ་བརྒྱད་ཀྱི་གཙོ་གྲས་ཐུར་དབྱུང་ལྟོ་སྦྱོང་གི་ལག་ལེན་མ་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ། ནད་ཐོག་ལག་ལེན། ལག་ལེན་ཞིབ་འཇུག་བཅས་ཀྱི་ཆེད་དུ། མི་ལོ་བཅོ་ལྔའི་རིང་དུ་དཔེ་ཀློག་ཞིབ་འཇུག་དང་ནད་ཐོག་ལག་ལེན་ཟུང་སྦྲེལ་གྱིས་ལེགས་འགྲུབ་བྱུང་བ་ཞིག་རེད།

དེབ་ཆུང་འདིར་ཐུར་དུ་དབྱུང་དགོས་པའི་ནད་རིགས༢༦༦ལ་ལྟོ་སྦྱོང་སྨན་སྦྱོར༣༦༠ནད་སྨན་སྤྲད་ཡོད། ལྷག་པར་དུ་དེ་ལས་ཀྱང་གལ་འགངས་ཆེ་བ་ནི་ལྟོ་སྦྱོང་སྨན་སྦྱོར་ཀུན་གྱི་སྦྱོར་ཁུངས་དང་སྦྱོར་བ། ངོ་བོ། ཕན་ནུས་སོགས་གཞུང་དང་ཉམས་ཡིག་ཁག་ནས་ཁོལ་དུ་ཕྱུང་བ་དང་། མཛུབ་སྟོན་སློབ་དཔོན་ཁོང་གིས་སྨན་སྦྱོར་དེ་དག་གི་སྦྱོར་ཚད་ཚང་མར་དག་ཐེར་དང་གཏན་ཁེལ་གནང་སྟེ་དཀྱུས་གཅིག་ཏུ་རེའུ་མིག་ཏུ་བསྟར་ནས་ཅུང་བལྟ་བདེ་ཞིང་རྟོགས་སླ་བ། ལག་ལེན་དུ་བླངས་བདེ་བ་ཞིག་བཟོས་ཡོད།
ད་ལྟ་ལྟོ་སྦྱོང་ལག་ལེན་ཉག་ཕྲ་བའི་དུས་སྐབས་འདིར་ལག་ལེན་པོད་ཆུང་འདིས་བོད་ལུགས་གསོ་རིག་གི་བསྟན་པ་ལ་གས་ཆག་མེད་པར་ཟླུམ་གཟུགས་སུ་འཕེལ་རྒྱས་འགྲོ་བ་དང་། རིག་གཞུང་ལ་ཉམས་པ་མེད་པར་གཞུང་གཅིག་ཏུ་འགྲོ་བ། ནད་ཐོག་ལ་ཉམ་ང་མེད་པར་ལག་ལེན་རྒྱ་ཆེར་འགྲོ་བ། དེ་བཞིན་ཞིབ་འཇུག་ལ་འགོག་རྐྱེན་མེད་པར་ཕན་འབྲས་འབྱུང་བ་བཅས་ལ་རེ་བ་ལྷད་མེད་ཅིག་བཅངས་ནས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
