logo

སྒ་རུ་རྡོ་རྗེ་རྒྱལ་མཚན་གྱི་དེབ་གསར«ཤིང་དང་ཡི་གེའི་གཟིགས་མོ»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-20 ཀློག་གྲངས།:
       ཉེ་ཆར། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་སྒ་རུ་རྡོ་རྗེ་རྒྱལ་མཚན་གྱི་ཞིབ་འཇུག་དཔྱད་འབྲས«ཤིང་དང་ཡི་གེའི་གཟིགས་མོ། –ཤིན་ཅང་ནས་རྙེད་པའི་བོད་བཙན་པོའི་དུས་ཀྱི་ཁྲམ་ཤིང་ལ་དཔྱད་པ།»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
       བཙན་པོའི་དུས་ཀྱི་ཡིག་ཚང་ལ་འབྲི་གཞིའི་སྒོ་ནས་དབྱེ་ན། རྡོ་དང་ཅོང་ལ་བྲིས་པའི་ཡི་གེ་དང་། ཡིག་རྙིང་བྲིས་དཔེ། ཁྲམ་བྱང་བཅས་རིགས་ཆེན་པོ་གསུམ་ཡོད། དེ་དག་ལས་ཁྲམ་བྱང་ལ་ཅུང་རྒྱས་ཙམ་ཉམས་ཞིབ་གནང་མཁན་ལ་ཐོ་མ་སི་དང་ཝང་ཡོ་གཉིས་མ་གཏོགས་བྱུང་མེད་ལ། ཝང་ཡོའི«བོད་ཀྱི་ཁྲམ་བྱང་ཕྱོགས་བསྒྲིགས»དང་ཐོ་མ་སིའི«ནུབ་ལྗོངས་དང་འབྲེལ་བའི་བོད་ཀྱི་ཡིག་ཚང»ཞེས་པའི་དེབ་གཉིས་པོ་ནི། མིག་སྔར་རིག་གཞུང་ཉམས་ཞིབ་པ་དག་གིས་ཁྲམ་བྱང་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་ཁོ་ནར་གྱུར་ཡོད། ཡིན་ནའང་དེབ་དེ་གཉིས་སུ་བཀོད་པའི་ཁྲམ་བྱང་གིས་ད་ལྟ་མཐོང་དུ་ཡོད་པའི་ཁྲམ་བྱང་སྤྱིའི་ངོ་གྲངས་ཀྱི1/5ཙམ་མ་གཏོགས་ཟིན་མེད་པ་དང་། དེབ་དེ་གཉིས་ཀྱི་བཤུས་འགྱུར་འགྲེལ་གསུམ་ལའང་ཞིབ་ཏུ་དཔྱད་ན་གནད་དོན་ཧ་ཅང་མང་བ་ཡིན། དེ་བཞིན་དུ་ཁྲམ་བྱང་གི་རྣམ་པ་དང་ལྡེབ་ངོས་ཇུས་འགོད་ལའང་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་ཀྱང་དེའི་སྐོར་ལ་ཆེད་དུ་ཉམས་ཞིབ་གནང་མཁན་བྱུང་མེད། ཚུལ་དེ་དག་ལ་དམིགས་ནས་ཁོ་བོས་ལོ་ངོ་བཅུ་གསུམ་གྱི་རིང་ལ་ཁྲམ་བྱང་ལ་ཆེད་དུ་ཉམས་ཞིབ་བྱས་ནས་དེབ་འདི་བྲིས་པ་ཡིན།
       ལེའུ་ལྔའི་བདག་ཉིད་ཅན་གྱི་དེབ་འདིའི་ལེའུ་དང་པོའི་ནང་དུ་ཁྲམ་བྱང་གི་འདྲ་པར6000ལྷག་གཞིར་བཟུང་སྟེ། ཁྲམ་བྱང་གི་ལྡེབ་ངོས་དང་། ཡིག་ཕྲེང་། སྟོང་ཆ། ཡི་གེ་འབྲི་ཀློག །ཡིག་གཟུགས། སྐུང་ཡིག །སྣག་ཚས་བྲིས་པའི་བགོ་ཐིག །བརྐོས་པའི་བགོ་ཐིག་སོགས་ལ་ཡིག་རྙིང་གི་འབྲི་གཞི་གཞན་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་ཚུལ་དང་། དེ་མིན་ཁྲམ་བྱང་གི་རྣམ་པ་ནི་སྣེ་ཀོང་དང་། སྣེ་ཁུང་། མཚལ་ཐིག །བཟོ་དབྱིབས་བཅས་ཀྱིས་གྲུབ་པ་དང་། བཟོ་དབྱིབས་ལ་ནང་གསེས་སུ་སྣེ་ཕྱེད་ཅན་དང་། རྟིང་ཟུར་བཏོད་ཅན། སྣེ་ཟུར་ཅན། འཛིན་ཤུར་ཅན། དམིགས་བསལ་ཅན། སྤྱིར་བཏང་ཅན་བཅས་རིགས་མི་འདྲ་བ་དྲུག་ཡོད་པ་སྟེ། ཁྲམ་བྱང་གི་བཟོ་དབྱིབས་དང་བེད་སྤྱོད་ཁྱབ་ཁོངས་གཉིས་ཀྱི་བར་དུ་འབྲེལ་བ་ངེས་ཅན་མཆིས་ཚུལ་སོགས་བརྗོད་དེ། བཙན་པོའི་དུས་སུ་ཁྲམ་བྱང་ལ་གཏན་ཆགས་ཀྱི་ཡིག་ཚང་ལམ་ལུགས་ཤིག་གྲུབ་ཡོད་ཚུལ་བསྟན་ཡོད།
       ལེའུ་གཉིས་པའི་ནང་དུ་ཁྲམ་བྱང་གི་བརྗོད་བྱར་དཔྱད་པ་སྟེ། ཁྲམ་བྱང་གཞིར་བཟུང་ནས་བཙན་པོའི་རྒྱལ་རབས་ཀྱིས་ཧ་སེ་ནས་ཕ་སྨིར་མཐོ་སྒང་བར་གྱི་ཐ་རེམ་གཤོང་སའི་ལྷོ་རྒྱུད་ཀྱི་ས་གནས་ཁག་ལ་ཆེས་ཉུང་ནའང་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་དབང་བསྒྱུར་བརྟན་པོ་བྱས་ཡོད་ཚུལ་དང་། དེབ་འདིར་བསྡུས་པའི་ཁྲམ་བྱང་རྣམས་ནི་དེ་ལྟ་བུའི་ལོ་རྒྱུས་ཀྱི་བྱུང་བ་དངོས་མཚོན་པའི་དཔང་རྟགས་ཁུངས་ཐུབ་ཅིག་ཡིན་པར་བསྟན་ནས། བཙན་པོའི་དབང་སྒྱུར་འོག་གི་ལི་ཡུལ་དང་ནོབ་ས་ཁུལ་སོགས་ཀྱི་སྐབས་དེའི་ལོ་རྒྱུས་དང་། རིག་གནས། སྐད་ཡིག །ཆོས་ལུགས། དཔལ་འབྱོར། ཡུལ་སྲོལ་གོམས་གཤིས་སོགས་ལ་ཞིབ་འཇུག་རྒྱས་བསྡུས་འཚམ་པ་ཞིག་བྱས་ཏེ། མ་འོངས་པར་སྔར་ལས་མང་བའི་ཁྲམ་བྱང་གསར་རྙེད་བྱུང་བ་ལ་བརྟེན་ནས་སྐབས་དེའི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཅུང་རྒྱས་པར་རྟོགས་ཐུབ་པར་ཡིད་ཆེས་བྱས་ཡོད།
       ལེའུ་གསུམ་པ་དང་བཞི་པའི་ནང་དུ་ཐོ་མ་སི་དང་ཝང་ཡོའི་དེབ་ཀྱི་བཤུས་འགྱུར་འགྲེལ་གསུམ་གྱི་གནད་དོན་ལ་དམིགས་ཏེ། དེབ་དེ་གཉིས་སུ་གསལ་བའི་ཁྲམ་བྱང་དག་གི་ཨང་རྟགས་དང་བཤུས་ཡིག་ལ་ཞུ་དག་དང་། མིང་བརྡ638ལ་འགྲེལ་བ་བརྒྱབ་པ་སྟེ། བཙན་པོའི་དུས་ཀྱི་ཡིག་རྙིང་བྲིས་དཔེ་དང་། རྡོ་རིང་ཡི་གེ། ཁྲམ་བྱང་བཅས་ཀྱི་ནང་དུ་མིང་བརྡ་དེ་དག་ཇི་ལྟར་སྤྱད་ཡོད་མེད་དང་། ཆོས་འབྱུང་ལོ་རྒྱུས་དང་། དག་ཡིག །ཚིག་མཛོད་རྣམས་སུ་མིང་བརྡ་དེ་དག་དང་སྒྲ་དོན་མཐུན་པའི་བརྡ་རྙིང་པ་ཡོད་མེད་འཚོལ་ཞིབ། དེ་མིན་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱི་དཔྱད་འབྲས་སོགས་གཞིར་བཟུང་སྟེ། རང་ལུགས་མངོན་ཆུང་གིས་བསྟན་པའི་ཞར་ལ་ཐོ་མ་སི་དང་ཝང་ཡོའི་འགྲེལ་ནོར་དང་འགྱུར་ནོར་ཁག་ལའང་དོགས་སློང་དང་ནོར་བཅོས་བྱས་ཡོད།
       ལེའུ་ལྔ་པའི་ནང་དུ་ལག་སོན་བྱུང་བའི་ཁྲམ་བྱང་ཉིས་སྟོང་ལྷག་ལས་ཡི་གེ་གསལ་བའི་ཁྲམ་བྱང1848ཀྱི་མ་ཡིག་ངོ་བཤུ་བྱས་པ་སྟེ། ད་ཕན་ཀུན་གྱི་མཐོང་ཡུལ་དུ་མ་གྱུར་པའི་ཁྲམ་བྱང་མང་པོ་ཞིག་རིག་གཞུང་ཉམས་ཞིབ་པ་དག་གི་ཞིབ་འཇུག་གི་བགོ་སྐལ་དུ་ཕུལ་ཡོད་པ་དང་། བཤུས་ཡིག་ལ་མཚོན་རྟགས30ལྷག་སྤྱད་ནས་མ་ཡིག་གི་ཆད་ནོར་ལྷག་གསུམ་སོགས་མཚོན་པར་བྱས་ནས། ཡིག་ཚང་རིག་པའི་བཤུས་ཡིག་འགོད་ཚུལ་གསར་པ་ཞིག་གི་སྲོལ་ཡང་བཏོད་ཡོད།
       མདོར་ན། དེབ་འདི་ནི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་ཁྲམ་བྱང་ལ་ཤིན་ཏུ་རྒྱས་པར་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཐོག་མ་རུ་སེམས་ཤིང་། དཔྱད་འབྲས་འདིས་བཙན་པོའི་དུས་ཀྱི་ལོ་རྒྱུས་སྤྱི་དང་སྒོས་སུ་ཁྲམ་བྱང་ཞིབ་འཇུག་ལ་རྔོ་ཐོགས་པར་ཁོ་བོ་གདེང་ཚོད་ཡོད་དེ། དེབ་འདིའི་ནང་དུ་ཁྲམ་བྱང་ཞིབ་འཇུག་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་དང་། ཞིབ་འཇུག་གི་ཐབས་ལམ་གསར་བཏོད། ཞིབ་འཇུག་གི་དཀའ་གནད་དང་མ་འོངས་འཕེལ་ཕྱོགས་གསལ་བར་བསྟན་པ་བཅས་སྔར་མེད་ཀྱི་དཔྱད་འབྲས་གསར་པ་མང་པོ་དཔྱོད་ལྡན་མཁས་པའི་སྤྱན་སྔར་ཕུལ་ཡོད་དོ། །
       དགེ་བཤེས་ཆོས་གྲགས་ལགས་ཀྱིས། “མ་བཅོལ་གླེགས་བམ་བྲི་བའི་བྲེལ་ཟིང་གིས། །མི་ལོ་བཅུ་གསུམ་དལ་གྱིས་ཟད་པ་ལ། །གཞན་གྱིས་བསྟོད་སྨད་ཅི་བྱེད་མ་ངེས་ཀྱང་། །གཞན་ལ་ཕན་པ་ཅུང་ཟད་ངེས་པར་མཐོང་། །”ཞེས་གསུངས་པ་ལྟར། 2012ལོ་ནས་བཟུང་སྟེ་ཁོ་བོས་བཙན་པོའི་དུས་ཀྱི་ཁྲམ་བྱང་ལ་ཞིབ་འཇུག་བྱས་པ་སྟེ། ལོ་ངོ་བཅུ་གསུམ་འགོར་བའི་རིང་ལ་ཁྲམ་བྱང་དཔྱད་བྱར་བཟུང་ནས་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་ཐོན་དཔྱད་རྩོམ་དང་། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་ཐོན་དཔྱད་རྩོམ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་བཅས་ལེགས་པར་གྲུབ་པ་སྟེ། རང་དོན་མ་འཆོལ་བའི་རྨང་གཞིའི་སྟེང་དུ་གཞན་ལའང་ཕན་ན་སྙམ་པའི་ཀུན་སློང་གཙང་མས་མཚམས་སྦྱར་ནས། ད་ཕན་ཀུན་གྱི་མཐོང་ཡུལ་དུ་མ་གྱུར་པའི་ཁྲམ་བྱང་མང་པོའི་མ་ཕྱི་དང་། ཁྲམ་བྱང་ཞིབ་འཇུག་གི་འབྲེལ་ཡོད་དཔྱད་འབྲས་དང་དཔྱད་གཞིའི་ཡིག་རིགས་རྣམས་གཞིར་བཟུང་ནས་དེབ་འདི་བྲིས་པ་ཡིན་ཏེ། དེབ་འདིའི་ནང་དུ་ཁོ་བོས་ཁྲམ་བྱང་གི་རྣམ་པ་དང་བརྗོད་བྱ་སོགས་ལའང་དཔྱད་ཁུལ་བྱས་ཡོད་ཀྱང་། གཙོ་བོར་བཙན་པོའི་དུས་ཀྱི་ཁྲམ་བྱང་ཞིབ་འཇུག་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་བྱ་རྒྱུ་དེ་དམིགས་ཡུལ་འབའ་ཞིག་ཏུ་བཟུང་ནས་ཁྲམ་བྱང་གི་མ་ཡིག་ངོ་བཤུས་དང་ཚིག་འགྲེལ་གཉིས་ལ་ཤུགས་བརྒྱབ་པ་སྟེ། ཁྲམ་བྱང་ངོ་གྲངས་1848ཀྱི་བཤུས་ཡིག་བཀོད་པ་དང་མིང་ངམ་ཚིག635ལ་འགྲེལ་བ་བརྒྱབ་ཡོད།
       འདིར་ཡིད་ཕངས་པ་ཞིག་ལ2017ལོར་ཤིན་ཅང་ནས་བོད་ཡིག་གི་ཁྲམ་བྱང་ཉིས་བརྒྱ་ལྷག་གསར་དུ་རྙེད་ཚུལ་གོ་ཐོས་བྱུང་བས། ཁོ་བོས་གཙོ་སྐྱོང་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཏེ། “བཙན་པོའི་དུས་ཀྱི་ཁྲམ་བྱང་ལེགས་སྒྲིག་དང་ཞིབ་འཇུག”(ཆོག་མཆན་ཨང་རྟགས་17CTQ018)ཅེས་པའི་དཔྱད་འབྲས་གཙོར་གྱུར་བའི་དེབ་འདིའི་ནང་དུ་གསར་རྙེད་ཁྲམ་བྱང་དེ་དག་གི་བཤུས་ཡིག་བཀོད་ན་ཕན་ཐོགས་ཆེ་བར་བསམས་ནས། ཁྲམ་བྱང་དེ་དག་གི་འདྲ་པར་རམ་བཤུས་ཡིག་གང་རུང་ཁྲོམ་བསྒྲགས་བྱེད་པར་རེ་སྒུག་བྱས་པ་ཡིན་ཡང་ད་ཕན་དེ་འབྲེལ་གྱི་ཆ་འཕྲིན་ཅི་ཡང་མཐོང་ཐོས་སུ་མ་གྱུར་ཏོ། །
       གོང་དུ་བཤད་ཟིན་པ་ནང་བཞིན་ཁྲམ་བྱང་ལ་ཞིབ་འཇུག་བྱས་ནས་ད་ཕན་ལོ་ངོ་བཅུ་གསུམ་འགོར་བ་སྟེ་ཁྲམ་བྱང་ཞིབ་འཇུག་གི་རྒྱུན་སྐྱོང་ཐུབ་པ་བྱུང་བ་འདི་ནི། གཅིག་ནས་དྲིན་ཆེན་ཕ་མ་གཉིས་ཀྱི་འཚོ་ཚིས་ལ་འབད་པའི་རྒྱབ་གཟུགས་དུས་རྟག་ཏུ་བདག་གི་ཡིད་ངོར་གཟུགས་ཅན་ཇི་བཞིན་འཆར་འོང་བས་རྣམ་གཡེང་གི་དབང་དུ་འགྱུར་བ་ལ་ངོ་གནོང་བར་རག་ལས་ཤིང་། གཉིས་ནས་དགེ་རྒན་བཀའ་དྲིན་ཅན་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་“ཁྲམ་བྱང་གི་ཆེད་མཁས་པར་འགྱུར་དགོས”པའི་སྐུལ་ལྕག་གནང་ནས་སྤོབས་པ་བསྩལ་བར་རག་ལས་ལ། གསུམ་ནས་དགེ་རྒན་བཀའ་དྲིན་ཅན་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཡིག་རྙིང་ཚིག་མཛོད་རྩོམ་པའི་བརྩོན་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བས་ཤུགས་རྐྱེན་ཟབ་མོ་ཐེབས་པ་བཅས་ལ་རག་ལས་པ་སྟེ་ཁོང་རྣམ་པའི་སྐུ་དྲིན་ཡིན་པར་སེམས་སོ། །
       མཐར་དཔྱད་འབྲས་འདིས་བོད་རིག་པའི་ཞིབ་འཇུག་དང་སྒོས་སུ་ཁྲམ་བྱང་ཞིབ་འཇུག་ལ་རྔོ་ཐོགས་པར་འགྱུར་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག །དེབ་འདི་འབྲི་བའི་ཐོག་མཐའ་བར་གསུམ་དུ་བདག་ལ་རྒྱབ་སྐྱོར་གང་ལེགས་གནང་བའི་དྲིན་ཆེན་གྱི་ཕ་མ་གཉིས་དང་བརྩེ་བའི་ཆུང་མ་བསོད་ནམས་སྒྲོལ་མ་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་མིན་དེབ་འདི་རྩོམ་པའི་བརྒྱུད་རིམ་ཁྲོད་དུ་དངོས་ཤུགས་གང་རུང་ནས་བདག་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་དང་། དོགས་གནས་སེལ་བ། དཀའ་གནད་བཀྲལ་བ། བློ་སྒོ་ཕྱེས་པ། དཔེ་སྐྲུན་གྱི་སྐུལ་མ་དང་མ་དངུལ་གནང་བ་སོགས་རེ་རེ་བཞིན་མཚན་བཀོད་ན་ཧ་ཅང་མང་བ་སྟེ། བཀའ་དྲིན་ཅན་དེ་རྣམས་ལའང་ཐུགས་རྗེ་ཆེ་ཞུས་པ་ཡིན་ནོ། །
       སྨྲས་པ།
སོ་ཁ་ཕྱོགས་མཐར་བསྐྱེད་པའི་དན་རྟགས་སུ། །
ཡིག་རྙིང་རྒན་པོའི་འཛུམ་ཞལ་སླར་ཡང་ངོམ། །
གཙུག་ལག་ཉི་ཟླའི་འོད་སྣང་སྤྲོ་མཛད་པའི། །
ཤིང་དང་ཡི་གེའི་གཟིགས་མོ་ངོ་མཚར་ཆེ། །

སྣ་ཚོགས་བགྲང་བྱའི་ཉིན་མཚན་དུས་དྲུག་ཏུ། །
སེམས་ཀྱིས་བསྐྱངས་པའི་པོ་ཏི་སྨིན་ལེགས་མ། །
དཔྱད་གསུམ་དག་པའི་རྒྱན་ཆས་རབ་སྤུད་དེ། །
རིག་པའི་སྡིངས་ཆ་མཛེས་པའི་རྒྱན་དུ་བསུས། །

རྙིང་པ་སྐྱུག་ལྡད་འོལ་ཚོད་གསར་བཤད་སོགས། །
རིང་དུ་དོར་བའི་དབྱངས་གསལ་ཡི་གེའི་གཟུགས། །
གར་དུ་སྒྱུར་བའི་ལུས་ཕྲའི་སྒེག་པའི་ཉམས། །
གཟུར་གནས་མཁས་པ་མགུ་བའི་གཟིགས་མོར་ཕུལ། །

ཞེས་པ་འདི་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་མིང་འཛིན་པ་སྒ་རུ་རྡོ་རྗེ་རྒྱལ་མཚན་དུ་འབོད་པས2025ལོའི་ཟླ4པར་སྐྱིད་ཆུའི་འགྲམ་ངོགས་རང་ཁྱིམ་དཔེ་མང་སྤུངས་པའི་དགའ་ཚལ་དུ་སྦྱར་རོ། །
 
རྩོམ་པ་པོ་ངོ་སྤྲོད།
       སྒ་རུ་རྡོ་རྗེ་རྒྱལ་མཚན། མདོ་སྨད་རེབ་གོང་དུ་སྐྱེས། 2021ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་འབུམ་རམས་པའི་སློབ་གནས་བླངས། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་སློབ་ཁྲིད་ཀྱི་ཞོར་དུ་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་གནའ་རབས་ཡིག་ཚང་དང་ལོ་རྒྱུས་སྐོར་ཡིན། སྔ་ཕྱིར་རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་བཅུ་ལྷག་སྤེལ་བ་དང་། «ཤིན་ཅང་ནས་རྙེད་པའི་བཙན་པོའི་དུས་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས»ཞེས་པ་དཔེ་སྐྲུན་བྱས། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་“ཤིན་ཅང་ནས་རྙེད་པའི་བཙན་པོའི་དུས་ཀྱི་ཁྲམ་བྱང་ལེགས་སྒྲིག་དང་ཞིབ་འཇུག”ཅེས་པ་ལེགས་གྲུབ་བྱས་པ་དང་། མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་“བཙན་པོའི་དུས་ཀྱི་སོ་སྲུང་ཡིག་ཚང་ལེགས་སྒྲིག་དང་ཞིབ་འཇུག”ཅེས་པ་གཙོ་སྐྱོང་བྱེད་བཞིན་ཡོད་དོ། །
ཆེད་མཁས་པས་གནང་བའི་ཤིས་ཚིག།
       དེབ་གསར«ཤིང་དང་ཡི་གེའི་གཟིགས་མོ»ཞེས་པ་པར་བསྐྲུན་གནང་བར་རྟེན་འབྲེལ་ཞུ། དེབ་འདིའི་རྩོམ་པ་པོ་སློབ་བུ་སྒ་རུ་རྡོ་རྗེ་རྒྱལ་མཚན་ལགས་ནི་ཡིག་རྙིང་ཆེད་གཉེར་གྱི་འབུམ་རམས་པའི་སློབ་མཐར་ཕྱིན་ཞིང་། ཁྲམ་བྱང་ཡིག་རྙིང་ལ་དུས་ཡུན་རིང་བོར་དཔྱད་ཞིབ་གནང་མཁན་ཞིག་ཡིན་པ་ནས་ད་ལྟ་བརྩམས་འབྲས་གསར་བ«ཤིང་དང་ཡི་གེའི་གཟིགས་མོ»ཞེས་པ་པར་དུ་བསྐྲུན་པ་ནི་ཡིག་རྙིང་ཆེད་གཉེར་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་སྟེ། དེ་ནི་རང་རེའི་མེས་པོ་རྣམས་དུས་རབས་བརྒྱད་པ་དང་དགུ་བའི་ནང་དུ་ལི་ཡུལ་དུ་འཚོ་བའི་བརྒྱུད་རིམ་ཅི་འདྲ་ཡིན་པ་ཤེས་བྱེད་ཀྱི་དཔྱད་གཞི་ཁུངས་ཐུབ་ཏུ་ངེས་ཤིང་། སྐབས་དེའི་བོད་པའི་ལོ་རྒྱུས་ཤེས་འདོད་པ་རྣམས་ལ་མཚོན་ན་དེ་ལས་ལྷག་པའི་དཔྱད་གཞི་གང་དུའང་འཚོལ་དུ་མེད། དེ་ལྟའི་དཔྱད་གཞི་རྩ་ཆེན་དེ་ཡང་ཐོག་མར་ཕྱི་ནང་གི་སྔ་ཕྱི་མཁས་པ་མི་ཉུང་བ་ཞིག་གིས་ཞིབ་འཇུག་གང་འཚམ་གནང་བར་གྲུབ་འབྲས་མེད་པ་མ་ཡིན་ཡང་། ཡིག་ནོར་དང་དོན་ལོག་ཏུ་ཤོར་བ་མང་པོ་ལྡོག་མེད་དུ་ཐོན་བཞིན་ཡོད་པ་དེ་རིགས་ལ་དག་བཅོས་དང་ཡོ་བསྲང་མེད་པར་ལུས་ན་རིན་ཆེན་གསེར་ལ་གཡའ་ཞུགས་པ་ལྟར་ལོ་རྒྱུས་ཀྱི་ཡིག་རྙིང་རྩ་ཆེན་དེ་རིགས་ཀྱི་རིན་ཐང་ཉམས་པར་འགྱུར་བས། དེའི་ཐད་ལ་ངེས་པར་དུ་ནན་ཏན་བྱེད་དགོས་པ་ལ་སློབ་བུ་སྒ་རུ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་མི་ལོ་མང་པོར་དཀའ་སྤྱད་བརྩམས་པའི་ཁྲོད་ནས་ཁྲམ་བྱང་ཐར་ཐོར་དུ་ལུས་པ་རྣམས་ལ་ལང་ཚོ་གསར་བ་སྦྱིན་པའི་ཁྲོད་ནས་མ་དག་པ་དང་དོན་ལོག་ཏུ་ཤོར་བར་དག་བཅོས་གང་གཟབ་གནང་སྟེ། བོད་རིག་པ་ཡར་ལྡན་དུ་སྐུལ་བར་ནུས་པ་ཆེན་པོ་ཐོན་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།
-ཁ་སྒང་བཀྲ་ཤིས་ཚེ་རིང་།

       དེ་ཡང་ཇི་སྐད་དུ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས། རྒྱལ་ཁབ་དུ་མར་ཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དུས་རབས་ཉི་ཤུ་བ་ཤར་མ་ཐག་ནས་བཟུང་། གསར་དུ་རྙེད་པའི་བོད་ཡིག་གི་ཁྲམ་བྱང་དུ་མ་ལ་ཕྱི་ནང་གི་མཁས་པ་དག་གིས་ཐུགས་སྣང་དང་ཞིབ་འཇུག་གནང་བའི་འགོ་ཚུགས་པར་མ་ཟད། ལྷ་བཙན་པོ་དག་གི་སྐུ་རིང་ལ་བྱུང་བའི་བོད་ཡིག་གི་དཔྱད་གཞི་རྩ་ཆེན་གསུམ་གྱི་ཡ་གྱལ་དུ་གྱུར་ཡོད་མོད། རང་གི་ཕ་སྐད་མ་ཡིག་གི་ལམ་ནས་བོད་ཡིག་གི་ཁྲམ་བྱང་སྐོར་ལ་ཞིབ་འཇུག་བགྱིས་པའི་དེབ་ཆ་ཚང་བ་ཞིག་ད་ལྟའི་བར་དུ་ཐོན་མེད། ད་ཐེངས་རྣམ་དཔྱོད་ཀྱི་འཇུག་སྒོ་མཆོག་ཏུ་ཡངས་པའི་དགེ་རྒན་སྒ་རུ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་རིག་གཞུང་དེབ་གསར«ཤིང་དང་ཡི་གེའི་གཟིགས་མོ»ཞེས་པ་བརྩམས་པ་ནི་སྔར་མེད་ཀྱི་ལེགས་བཤད་ཅིག་ཏུ་འཁུམ། ཁོང་གིས་ལོ་ངོ་བཅུ་གསུམ་ཙམ་གྱི་རིང་ལ་ཁྲམ་བྱང་མི་འདྲ་བ་ཆིག་སྟོང་བརྒྱད་བརྒྱ་ལས་བརྒལ་པ་ཞིག་གི་ངོ་བཤུས་དང་འདྲ་པར་སྣ་ཚོགས་བསྡུ་ཉར་གནང་བར་མ་ཟད། ཁྲམ་བྱང་དེ་དག་གི་རྣམ་པ་དང་བརྗོད་བྱ་དཀྱུས་སུ་བཟུང་ཞིང་། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ །དེབ་ཐེར་ཁུངས་ཐུབ་དག་རྒྱབ་རྟེན་དུ་བཟུང་ནས་དཔྱད་འབྲས་གསར་བའི་དགའ་སྟོན་གྱ་ནོམ་པ་ཞིག་བཤམས་པ་འདི་ནི། སྔར་བོད་བཙན་པོའི་འབངས་སུ་སྡོད་པ་དག་གི་སྤྱི་ཚོགས་དང་དཔལ་འབྱོར། དམག་དོན་དང་ཆབ་སྲིད་སོགས་ལ་དཔྱད་པའི་སྒོ་མོ་འབྱེད་པའི་ལྡེའུ་མིག་ལྟ་བུར་འགྱུར་ངེས་སོ། །
-གངས་འཚོ།

       སྒ་རུ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་ལོ་ངོ་མང་པོའི་དུས་ཡུན་སྤྱད་དེ་ཤིན་ཅང་ནས་རྙེད་པའི་ཁྲམ་བྱང་ཉིས་སྟོང་ལ་ཉེ་བ་ཙམ་གྱི་ཡི་གེའི་མ་ཕྱི་རྣམས་འབད་པ་ཆེན་པོས་དག་འབེབ་དང་དཔྱད་ཞིབ་ཅུང་ཟད་མཐིལ་ཐོན་པའམ་གདེང་དྲོད་དང་ལྡན་པར་བགྱིས་པའི་གྲུབ་དོན་སྔར་མེད་པ«ཤིང་དང་ཡི་གེའི་གཟིགས་མོ»ཞེས་བྱ་བ་དེབ་ཏུ་བསྒྲུབས་ཤིང་སྤེལ་བ་འདི་ནི་གནའ་ཡིག་དང་། གནའ་བོའི་སྤྱི་ཚོགས་དང་། གནའ་བོའི་ཚོང་དོན། གནའ་བོའི་སྲིད་ཁྲིམས་སོགས་ལ་ཁྱབ་པར་འཇུག་པའམ། ཇི་སྟེ་གནའ་རབས་རིག་གནས་ཀུན་ལ་ཉམས་ཞིབ་བྱེད་མཁན་དག་གིས་དགའ་ཞེན་དང་བཅས་བཀླག་པར་རིགས་སོ། །
-གུར་མགོན་སྐྱབས།
འབྲེལ་ཡོད་འོས་སྦྱོར།