«བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བ་རིག་པའི་ཕྲེང་བསྟར་དཔེ་ཚོགས»པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-30
ཀློག་གྲངས།:
ཉེ་སྔོན། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི«བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བ་རིག་པའི་ཕྲེང་བསྟར་དཔེ་ཚོགས»རྒྱལ་ས་པེ་ཅིན་དུ་དངོས་སུ་འགྲེམ་སྤེལ་བྱས། དཔེ་ཚོགས་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྒྱུན་ཆད་རིག་གནས་ཞིབ་འཇུག་ཆེད་དམིགས་རིག་གཞུང་དཔུང་སྡེའི་རྣམ་གྲངས་ཐོག་མ་སྟེ། “བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བའི་གནའ་གཞུང་ཡིག་ཚགས་འཚོལ་སྡུད་དང་ཕྱོགས་བསྡུས། ཞིབ་འཇུག”ཅེས་པ་ཡིན་ཞིང་། དབུ་བཞུགས་ཆེད་མཁས་པ་དཀོན་མཆོག་རྒྱལ་མཚན་གྱིས་རྩོམ་སྒྲིག་པ་གཙོ་བོའི་འགན་བཞེས་པ་དང་། རྣམ་གྲངས་ཀྱི་ཡན་ལག་ཞིབ་འཇུག་བྱ་གཞི་བཞིའི་འགན་འཁུར་བ་འཕགས་མོ་མཚོ་དང་ཀླུ་མོ་ཚེ་རིང་། རིག་འཛིན་རྒྱལ། འབྲུག་རྩེ་རྒྱལ་བཅས་ཀྱིས་རྩོམ་སྒྲིག་པ་གཞོན་པའི་འགན་འཁུར་ཡོད་ལ། དེའི་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་ཆེད་མཁས་དཔུང་སྡེ་མཉམ་དུ་བསྡུས་ནས་རིག་པའི་བློ་ཡིས་རྩོམ་སྒྲིག་བྱས་ཡོད་པས། དེ་ནི་རིག་གཞུང་དཔུང་སྡེའི་རྣམ་གྲངས་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད།

དཔེ་ཚོགས་ཀྱི་རྒྱལ་ཁབ་རིག་གནས་སྟོབས་ཆེན་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། བོད་ཀྱི་གསོ་བ་རིག་པའི་སྟོང་ཉེན་ཆེ་བའམ་རྒྱུན་ཆད་རིག་གནས་ཁྱབ་ཁོངས་ཀྱི་ལུས་ཟུངས་གསོ་ཐབས་ལ་དམིགས་ནས་ལོ་ངོ་བཅུ་གཉིས་རིང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་དང་ལེགས་སྒྲིག གསར་གཏོད་འགྲེལ་བཤད་བྱས་པ་བརྒྱུད། བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བ་རིག་པའི་དེང་རབས་ཀྱི་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་དང་དཔེ་སྐྲུན་གྱི་སྟོང་ཆ་བསྐངས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འཚམ་མཐུན་ཡོང་བར་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་གསོ་རིག་སྨན་རྫས་རིག་གནས་རྒྱུན་འཛིན་དང་ས་གནས་ཀྱི་ཁྱད་ལྡན་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་ཡིན་ལ། འཛམ་གླིང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱང་ཡིན་པས། དེའི་བོད་མི་རིགས་ཀྱིས་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཁྲོད་འཚོ་བ་སྐྱེལ་བའི་ལོ་ངོ་སྟོང་ཕྲག་རིང་གི་བློ་གྲོས་དང་རིག་གནས་མཚོན་ཡོད་ཅིང་། “ནད་མེད་སྔོན་འགོག་དང་། ལུས་ཕུང་འཚོ་སྐྱོང་བྱས་ནས་ཚེ་བསྲིང་། ལུས་སེམས་གསོ་སྐྱོང”གི་ལྟེ་བའི་འདུ་ཤེས་དེང་རབས་ཀྱི་སྔོན་འགོག་གསོ་རིག་དང་དམངས་ཡོངས་བདེ་ཐང་དོ་དམ་གྱི་འདུ་ཤེས་དང་འཕྲོད་མཐུན་བྱུང་ཡོད། བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བའི་འབྲེལ་ཡོད་གཞུང་ལུགས་དག་བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་ཡིག་ཚགས་ནང་ཐར་ཐོར་དུ་མཐོང་བ་དང་། ཡིག་ཚགས་ཁ་ཐོར་ཡིན་པ། རིག་གཞུང་སྒོ་ཐེམ་མཐོ་བ། རྒྱུན་འཛིན་ཚོགས་སྤྱིར་ཚད་བཀག་ཡོད་པ་བཅས་ཀྱི་དབང་གིས་རྒྱལ་ཁབ་ཀྱི་རྒྱུན་ཆད་རིག་གནས་ཀྱི་གཙོ་གནད་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་ཡོད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྒྱུན་ཆད་རིག་གནས་ཞིབ་འཇུག་ཆེད་དམིགས་རིག་གཞུང་དཔུང་སྡེའི་ཐོག་མཐའ་བར་གསུམ་དུ་སྟོང་ཉེན་ཆེ་བའི་རིག་གཞུང་མྱུར་སྐྱོབ་དང་རིག་གནས་རྩ་བ་རྒྱུན་འཛིན་བྱ་རྒྱུ་ལྟེ་བའི་དམིགས་འབེན་དུ་བྱས་ཡོད་ལ། ཐེངས་འདིའི་དཔེ་ཚོགས་པར་སྐྲུན་གྱིས་རྒྱལ་ཁབ་ཀྱི་རྒྱུན་ཆད་རིག་གནས་རྒྱུན་འཛིན་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་དང་ཀྲུང་བོད་ལུགས་ཀྱི་གསོ་རིག་གསར་གཏོད་རང་བཞིན་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་བཏང་སྟེ། སྟོང་ཉེན་ཆེ་བའམ་ལག་རྒྱུན་ཆད་པའི་བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་བའི་བློ་གྲོས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཉར་ཚགས་དང་ནུར་པ་འཕར་སྐྱེད་ཡོང་བར་བྱས་ཡོད།

དཔེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ“བསྟན་བཅོས་གཞི་འཛིན་ས་དང་། ལག་ལེན་ནི་མཐའ་འབྲས་ཡིན་པའི”རྩོམ་སྒྲིག་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཞུང་ལུགས་དང་བྱེད་ཐབས་ཡོད་ཚད་ཀྱིས་བོད་ཀྱི་གསོ་བ་རིག་པའི་དབང་གྲགས་གནའ་གཞུང་དང་དེའི་དགོངས་འགྲེལ་རིམ་བྱུང་རྩ་བ་བྱས་ཤིང་། གནའ་བོའི་དོན་གནད་འཁེལ་རྒྱུན་འཛིན་བྱས་ཡོད་པ་དང་ཆབས་ཅིག གོ་དོན་རྟོགས་དཀའ་བའི་ཞིབ་གླེང་དོར་ནས་དེང་རབས་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་པོ་ཅན་དང་དེང་རབས་ཅན་གྱི་འཆད་འགྲེལ་བྱས་ནས་གནའ་བོའི་བོད་ཀྱི་གསོ་བ་རིག་པའི་ལུས་ཟུངས་གསོ་བའི་རིག་གནས་ཀྱིས་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཏུ་བཅུག་ཡོད། །
འབྲེལ་ཡོད་འོས་སྦྱོར།
