logo

དེབ་གསར། «རེབ་གོང་གི་རི་མོའི་བྲིས་རྒྱུན་ཞིབ་འཇུག»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-06-10 ཀློག་གྲངས།:
       ཉེ་ཆར། ཀུན་བཟང་རྒྱལ་མཚན་གྱིས་བརྩམས་པའི«རེབ་གོང་གི་རི་མོའི་བྲིས་རྒྱུན་ཞིབ་འཇུག»ཅེས་པའི་དེབ་གསར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       «རེབ་གོང་གི་རི་མོའི་བྲིས་རྒྱུན་ཞིབ་འཇུག»ཅེས་པའི་དེབ་གཟུགས་འདིར་བསྡོམས་པས་རབ་བྱེད་དྲུག་གི་བདག་ཉིད་ཅན་གྱིས་གྲུབ་པར་བྱས་ཡོད། རབ་བྱེད་དང་པོའི་ནང་དུ་རེབ་གོང་སྤྱིའི་ཆགས་ཚུལ་ལས་གྱེས་ཏེ་རོང་བོ་ནང་སོའི་དབང་བསྒྱུར་གྱི་དུས་རིམ་ནང་དུ་ནང་ཤོག་བཅུ་གཉིས་དང་ཕྱི་ཤོག་བཅོ་བརྒྱད། སྨོན་ཤོག་ཉེར་གཅིག་བཅས་སུ་དགར་བའི་ཁྱད་པར་དང་དབྱེ་བ། དེ་ནས་རེབ་གོང་ཞེས་པའི་ས་མིང་ཇི་ལྟར་ཐོགས་ཚུལ་སོགས་ལ་དབྱེ་ཞིབ་བགྱིས་ཤིང་། ལྷག་དོན་རྨ་ཆུའི་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་མདོ་སྨད་བསྟན་པའི་གནས་གཞི་ཨ་ཆུང་གནམ་རྫོང་དང་ལོ་རྡོ་རྗེ་བྲག དན་ཏིག དམར་གཙང་བྲག་བཅས་ཀྱི་ལོ་རྒྱུས་སོགས་ཡིག་ཚང་རིག་པའི་དགོངས་དོན་གཞིར་བཟུང་སྟེ་ཡུལ་དངོས་རྟོག་ཞིབ་བགྱིས་པའི་མྱོང་བ་དག་གནའ་དཔྱད་རིག་པའི་ཐབས་ལམ་ལ་བརྟེན་ནས་ལྡེབས་རིས་ཀྱི་ལོ་ཚིགས་དང་བཞེངས་དུས། ནང་དོན་སོགས་ལ་གླེང་སློང་བྱས་ཡོད།
       རབ་བྱེད་གཉིས་པའི་ནང་དུ་དུས་རབས་བཅུ་དྲུག་དང་བཅུ་བདུན་པའི་ནང་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས། སྔགས་འཆང་འཇམ་དབྱངས་བློ་གྲོས་གསུམ་བྱོན་ཏེ་རེབ་གོང་གི་ཡུལ་དུ་བྲིས་འབུར་སྒྱུ་རྩལ་དར་སྤེལ་གང་ལེགས་བཏང་བའི་ལག་རྗེས་དང་སྨན་མཁྱེན་ལུགས་ཀྱི་བྲིས་རྒྱུན་འདི་ཉིད་ཡུལ་ཕྱོགས་འདིར་ཇི་ལྟར་དར་བའི་ཚུལ་སོགས་བརྗོད་ཡོད། དེ་བཞིན་ལྷ་བྲིས་པ་གྲགས་ཅན་འདི་གསུམ་གྱི་མི་ཚེའི་ལོ་རྒྱུས་དང་སྦྱར་ནས་ཁོང་ཚོའི་རྟེན་བཞེངས་ཀྱི་རྣམ་གྲངས་དང་། བྲིས་འབུར་གྱི་བརྩམས་ཆོས་ཁག་གི་ནང་དོན། རི་མོའི་ཁྱད་ཆོས་སོགས་ལའང་གཤིབ་བསྡུར་བྱས་ཡོད།
       རབ་བྱེད་གསུམ་པའི་ནང་དུ་སྒ་རུ་པཎྜི་ཏ་བློ་བཟང་ཤེས་རབ་དང་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་སྔ་རྗེས་སུ་བྱོན་པའི་ལྷ་བྲིས་པ་གྲགས་ཅན་གཉན་ཐོག་དཀའ་བཅུ་ཚུལ་ཁྲིམས་བསྟན་འཛིན་གྱིས་ཡབ་རྗེ་བླ་མའི་ཞལ་ཐང་བཞེངས་པའི་ལོ་ཚིགས་སྐོར་ལ་དོགས་གཅོད་དང་། ཞལ་ཐང་དེའི་ཐུན་མིན་གྱི་བཞེངས་བཀོད། རི་མོའི་གཤིས་ལུགས་བཅས་ཀྱི་ཁྱད་ཆོས་ལ་དཔྱད་པ་གནང་ཡོད་པ་མ་ཟད། དེ་ཡང་དུས་རབས་བཅོ་བརྒྱད་པའི་ནང་ཙམ་དུ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་བྱོན་ནས་སྨན་ལུགས་ཀྱི་ཆ་ཚད་བསྟན་བཅོས་མཛད་ཅིང་། མདོ་རྒྱུད་རིན་པོ་ཆེའི་མཛོད་བརྩམས་ཏེ་དེའི་དཔེའུ་རིས་སོགས་རི་མོའི་ལམ་ནས་བྲིས་བཞེངས་མཛད་པ་དེས་རེབ་གོང་གི་ཡུལ་དུ་བཟོ་རིག་སྒྱུ་རྩལ་སྔར་ལས་འཕེལ་རྒྱས་སུ་ཕྱིན་པའི་གནས་སྟངས་དེ་གསལ་བཤད་བྱས་ཡོད།
       རབ་བྱེད་བཞི་བའི་ནང་དུ་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་འཚོ་གཞེས་གནང་བའི་ངེས་དོན་གྱི་པཎྜི་ཏ་ཆེན་པོའམ་བཟོ་རིག་པའི་ཁྱུ་མཆོག་སྒ་རུ་པཎྜི་ཏ་བློ་བཟང་ཤེས་རབ་ཀྱི་མི་ཚེའི་མཛད་རྣམ་ལས་འཕྲོས་ཏེ་རྟེན་བཞེངས་ཀྱི་ལོ་རྒྱུས་དང་། ཞར་བྱུང་དུས་མཉམ་གྱི་བཟོ་བོ་སྤྲུལ་སྐུ་བསོད་ནམས་དར་རྒྱས་དང་ཤ་སྦྲང་དབོན་པོ་འཇམ་དབྱངས་རྒྱ་མཚོའི་བརྩམས་ཆོས་ལ་དབྱེ་ཞིབ། དེ་མིན་ཡིག་ཚང་དུ་གསལ་བའི་སྒ་རུ་ལྷ་བཟོའི་བརྩམས་ཆོས་ཀྱི་ནང་དོན་ཁག་ལ་དཔྱད་པ་བགྱིས་ཤིང་། གཞན་ཡང་གནའ་དཔྱད་རིག་པའི་ངོས་ནས་དཔེ་རིས་བཀོད་པ་ལ་བརྟེན་ནས་དགོན་སྡེ་དང་མི་ཁྱིམ་སོགས་སུ་ཉར་བའི་དམ་པ་ཁོང་གི་ཐང་ག་དང་ལྡེབས་རིས་སོགས་ཚབ་མཚོན་རི་མོའི་བརྩམས་ཆོས་ཀྱི་ནང་དོན་ཁག་ལའང་ཞིབ་ཅིང་ཕྲ་བའི་སྒོ་ནས་ངོས་འཛིན་གནང་ཡོད། ལྷག་པར་དུ་འདྲ་རིས་གཤིབ་བསྡུར་གྱི་རིག་པ་ལ་བརྟེན་ནས་ཐང་ག་དང་ལྡེབས་རིས་ཀྱི་ལོ་ཚིགས་ལ་བརྟག་ཅིང་། ཚོན་མདངས་དང་བཅད་ཀྱི་ཉམས་འགྱུར། རི་མོའི་བཀོད་པ་བཅས་ཀྱིས་རི་མོའི་བྲིས་རྒྱུན་དེའི་ཁྱད་ཆོས་དམིགས་བསལ་བ་དེ་གསལ་བཤད་བྱས་ཡོད་པ་མ་ཟད། པར་མའི་དབུ་ཞབས་ལྷ་སྐུ་ལས་སྒ་རུ་ལྷ་བཟོའི་རི་མོའི་ཆ་ཚད་དེ་ཉིད་ཚད་ལྡན་ཡིན་མིན་དང་བྲིས་རྒྱུན་ལེགས་མིན་གྱི་ཐད་ལ་སྔར་ལས་འཐུས་སྒོ་ཚང་བའི་བདེན་དབང་བྱས་ཡོད།
       རབ་བྱེད་ལྔ་བའི་ནང་དུ་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་ནང་འཚོ་བཞུགས་གནང་བའི་བཟོ་རིག་སྨྲ་བའི་དབང་པོ་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོའི་མི་ཚེའི་ལོ་རྒྱུས་དང་། རྟེན་བཞེངས་ཀྱི་རིམ་པ་ཁག་ལོ་ཚིགས་གུང་བསྒྲིགས་ཏེ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དོགས་སློང་དང་། གཞན་ཡང་དམ་པ་འདིའི་བྲིས་འབུར་གྱི་བརྩམས་ཆོས་ཁག་གི་ནང་དོན་ཁག་གསེད་དཀྲོལ་དང་དབྱེ་ཞིབ་བྱས་ཡོད་པ་མ་ཟད། ཁོང་གི་རི་མོའི་བྲིས་རྒྱུན་གྱིས་ཕྱིས་བྱུང་རེབ་གོང་སྒྱུ་རྩལ་ལ་བཞག་པའི་ཤུགས་རྐྱེན་དང་། རི་མོའི་བྲིས་རྒྱུན་དེའི་ཐུན་མིན་གྱི་ཁྱད་ཆོས་སོགས་ལའང་གནད་དུ་ཐིངས་པའི་དཔྱད་པ་གནང་ཡོད།
       རབ་བྱེད་དྲུག་པའི་ནང་དུ་སྒ་རུ་པཎྜི་ཏ་བློ་བཟང་ཤེས་རབ་དང་བིས་ཐང་འཇའ་མོ་དཔལ་ལྡན་རྒྱ་མཚོ་གཉིས་ཀྱི་སློབ་བརྒྱུད་ཇི་ལྟར་བྱུང་ཚུལ་དང་། སློབ་བརྒྱུད་དེ་དག་གི་ཚབ་མཚོན་བརྩམས་ཆོས་ཐད་ནས་དཔྱད་བརྗོད་བགྱིས་ཤིང་། སློབ་བརྒྱུད་དེ་དག་གིས་རེབ་གོང་སྒྱུ་རྩལ་ལོ་རྒྱུས་སྟེང་གི་རིམ་བརྒྱུད་དུས་སྐབས་ནང་རི་མོའི་ཐད་བཞག་པའི་མཛད་རྗེས་དང་རི་མོའི་ཤུགས་རྐྱེན་སོགས་རྒྱས་བསྡུས་གང་འཚམ་གྱིས་གླེང་ཡོད་ལ། ལྷག་པར་དུ་བོད་བཙན་པོའི་དུས་སྐབས་ནས་བསྟན་པ་ཕྱི་དར་སོགས་རིམ་བརྒྱུད་ཀྱི་དུས་སྐབས་སོ་སོར་རེབ་གོང་གི་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་བཤད་ཙམ་ལས་འཕྲོས་ཏེ་ཡུལ་འདིར་ལྷ་བྲིས་པ་ཇི་སྙེད་ཅིག་བྱོན་པའི་ལོ་རྒྱུས་དག་ཆོས་འབྱུང་རྣམ་ཐར་ཁག་ལས་ཁོལ་དུ་ཕྱུངས་ཏེ་རེའུ་མིག་ཏུ་བཀོད་ཡོད་པ་བཅས་ཀྱིས་རྗོགས་པར་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།