logo

སྙན་ངག་པ་ནག་པོའི་སྙན་དེབ«རྡུལ་ཕྲན་གྱི་གླེགས་བམ»པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-29 ཀློག་གྲངས།:
       སྙན་ངག་པ་དང་རྩོམ་རིག་རྩོམ་སྒྲིག་པ་ནག་པོ་ལགས་ཀྱི་སྙན་དེབ་གསར་པ«རྡུལ་ཕྲན་གྱི་གླེགས་བམ»ཞེས་པ་ཉེ་ཆར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་པར་བསྐྲུན་བྱས་འདུག
       དེབ་འདིར་སྙན་ངག་པས་མི་ལོ་བཅུ་ལྷག་གི་ནང་བརྩམས་གནང་མཛད་པའི་སྙན་ངག་ལེགས་ཤོས་ལས་ཉིས་བརྒྱ་ལྷག་བདམས་ནས་བསྡུས་ཡོད་ཅིང་། རང་གི་བུ་མོ་བསྟན་འཛིན་དབྱངས་གསལ་ལགས་ཀྱིས་བྲིས་པའི་རི་མོའི་བརྩམས་ཆོས་སྐོར་ཅིག་ཞར་དུ་བཀོད་འདུག སྙན་དེབ་འདིའི་ནང་དུ་སྙན་ངག་པའི་འཆར་སྒོ་ཀློང་བརྡོལ་པའི་ཟོར་ཡང་པའི་སྐད་ཆ་དང་ངོ་རྟགས་གལ་གནད་ཅན། འཚོ་བའི་ཉིན་སྲིབ་གཉིས་ཀྱི་གྲང་འཁྱག ཚིག་ངོས་དང་ཚིག་ངོས་མ་ཡིན་པའི་སྤྱི་འགྲོས་སྣ་ཚོགས་ཀྱི་སྲོག་སྙིང་། གཟབ་ནན་དང་ཡང་ན་ཆོབ་ཚ་པོའི་སྐད་ཆ་སོགས་སྙན་ངག་པ་རང་ངོས་ཀྱི་ཀུན་རྟོགས་ཡངས་པོས་ཀུན་ནས་ཕྱུག་འདུག «རྡུལ་ཕྲན་གྱི་གླེགས་བམ»ནི་ཁོང་གི་བོད་ཡིག་གི་སྙན་དེབ་གཉིས་པ་ཡིན་ལ། དེབ་འདིར་ཁོང་གི་བློས་ཐུབ་གྲོགས་པོ་ལྡོང་བུ་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱིས་གླེང་གཞི་དང་མཇུག་བྱང་བྲིས་འདུག་པ་དང་། ཨོག་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་མདའ་ཚན་བླ་མ་སྐྱབས་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ངལ་རྫི། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཨ་བྱམས་བན་དེ་མཁར་སོགས་དགེ་རྒན་ཆེན་མོའམ་རྩོམ་རིག་ཉམས་ཞིབ་པ་གསུམ་གྱིས་གདེང་འཇོག་གི་སྐད་ཆའང་བྲིས་འདུག

རྩོམ་པ་པོ་ངོ་སྤྲོད།
       ནག་པོའི་མིང་དངོས་ལ་དགའ་བདེ་ཚེ་རིང་ཞུ་བ་དང་། 1981ལོའི་ཟླ9པར་སྐྱེས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོ་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་བཅུ་བའི་མཐོ་རིམ་སློབ་མ་སོགས་ཡིན། ད་ལྟའི་བར་སྙན་ངག་གཙོས་པའི་བརྩམས་ཆོས་ཆིག་སྟོང་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཏུ་བཀོད་ཡོད་ལ། དབྱིན་ཇི་དང་འཇར་མན། ཧྥ་རན་སི། ཉི་ཧོང་། སོག་པོ། ཡུ་གུར་སོགས་ཀྱི་སྐད་ལ་བསྒྱུར་ཡོད། «ཝུ་བ་སོབ་སོབ»དང«བོད་ཀྱི་རབ་བྱེད»སོགས་བརྩམས་དེབ་ཁག་ཅིག་དཔེ་སྐྲུན་བྱས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་བཅུ་གྲངས་ཤིག་ཐོབ། “ཕ་ཡུལ”(PHAYUL)སྤྱི་སྟེགས་ཀྱི་གཙོ་སྐྱོང་པ་ཡིན།
 
ཀློག་པ་པོའི་གདེང་འཇོག
       ནག་པོ་ལགས་ཀྱི་སྙན་ངག་རྩེ་གྲ་འདི་དག་ཀློག་དུས་འཚོ་བ་དང་འཆི་བ་ལག་འཐབ་བྱས་ནས་འཇིག་རྟེན་འཁོར་བ་དང་རང་ཡུལ་བརྗོད་ཡོད་པའི་སྣང་བ་ཞིག་འཆར་སྲིད། དེ་ཡང་ཞིབ་མོ་ཡིན་པ་འདྲ་པོ། རྩིང་མོ་ཡིན་པ་འདྲ་པོ། འཇམ་རྩུབ་གཉིས་ཀའི་ཆ་ཡོད་པ་འདྲ་པོ། སྐམ་རློན་གཉིས་ཀས་གྲུབ་པ་འདྲ་པའི་དབྱངས་གསལ་སོ་བཞིའི་རྩམ་སྐལ་འདི་དག་གི་ཉིང་བཅུད་ལེན་ན་དེ་དག་ཡང་དང་བསྐྱར་དུ་མྱང་དགོས་འདུག་སྙམ།
མདའ་ཚན་བླ་མ་སྐྱབས།

       ནག་པོའི་སྙན་ངག་ཁྲོད་ཀྱི་ངོ་རྟགས་གལ་ཆེན་དེ་དག་རྒྱང་རིང་བའི་གཏམ་རྒྱུད་ཅིག་གི་མགོ་ཁུངས་དང་ཐུག་པས། སྒྱུ་རྩལ་འཚོལ་སྙེག་གི་གོ་རིམ་ནི་མཇུག་མཐའི་དར་ཤིང་ལྟར་ཚོར་ཤེས་ཀྱི་ངོས་སུ་བརྗིད་པོར་འགྲེང་བ་དང་། ཚུགས་ཐུབ་ཏུ་གྲུབ་པའི་ངོ་བོའི་བསྐལ་དོན། ངེས་ལ་མི་སྣང་བའི་གདགས་གཞིའི་ཡིད་བརྙན། ཆོས་ཉིད་ཀྱི་ཀློང་དུ་འབྱམས་པའི་གདུང་བ་ལྕི་མོ་སོགས་སྙན་དེབ་འདིའི་ཚིག་ཚོགས་ཀྱི་བར་ན་ཆུ་རླབས་བཞིན་དུ་གསིག་ཅིང་འཕྱོ།
ངལ་རྫི།

       ནག་པོ་ནི་སྙན་ངག་གི་ལུས་འདིར་ཨ་འཐམ་ཀྱིས་འཇུག་མཁན་ཞིག་ཡིན་པར་མ་ཟད། བོད་རྒྱ་གཉིས་ཀྱི་ལམ་ནས་སྙན་ངག་ཡག་པོ་འབོར་ཆེན་བརྩམས་ཡོད། སྙན་དེབ་འདི་ལས་ཁོང་གི་སྙན་ངག་ནང་རྒྱུན་མར་འབྱུང་གིན་པའི་ཡིད་གཟུགས་ཀྱི་འགྲེམ་སྟོན་དང་ཚོར་བའི་འགྱུ་ཕྱོགས་འདྲ་མིན་གྱིས་བསྐྱེད་པའི་ཐེ་ཚོམ་དང་ངེས་པའི་བློ་སྣ་ཚོགས་ཐབས་རྩལ་སྣ་མང་གིས་བསྟན་འདུག
ཨ་བྱམས་བན་དེ་མཁར།
འབྲེལ་ཡོད་འོས་སྦྱོར།