logo

དེབ་གསར«སྙན་མོ་ཡང་ཏིག་གཏམ་གྱི་པད་དཀར་ཆུན་པོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-15 ཀློག་གྲངས།:
       པོ་ཏ་དབྱར་ས་མགོན་པོས་བསྒྲིགས་པའི་དེབ་གསར«སྙན་མོ་ཡང་ཏིག་གཏམ་གྱི་པད་དཀར་ཆུན་པོ»ཞེས་པ་ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
       བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང༌། ཀློག་པ་པོའི་མཐོང་ཐོས་རྒྱ་སྐྱེད་པའི་དོན་དུ་ལེགས་བྱས་ཏིལ་འབྲུ་ཙམ་རེ་འཇོག་པར་བསམས་པའི་ཀུན་སློང་གིས་བསྐུལ་ཏེ། 2013ལོ་ནས«སྙན་མོ་ཡང་ཏིག་གཏམ་གྱི་པད་དཀར་ཆུན་པོ»ཞེས་པའི་དེབ་འདི་འདེམས་སྒྲིག་བྱ་བའི་འགོ་བརྩམས་པ་དང༌། ལོ་ངོ་དུ་མའི་འབད་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་དངུལ་སྦྱིན་པར་བརྟེན། ད་ལྟ་ཀློག་པ་པོའི་སྤྱན་སྔར་ཕུལ་ཐུབ་པར་བྱུང༌།
       དང་པོ། དེབ་འདིར་བསྒྲིགས་པའི་གཏམ་གྱི་ནང་དོན་དང་ཁ་གྲངས་ཀྱི་སྐོར། ཁ་བྱང་ལ«སྙན་མོ་ཡང་ཏིག་གཏམ་གྱི་པད་དཀར་ཆུན་པོ»ཞེས་བྱ་བར། སྙན་མོའི་གཏམ་ཞེས་པ་ནི་གནའ་དཔེ་ལས་དམངས་ཁྲོད་ངག་རྒྱུན་དུ་ཁྱབ་པའི་གཏམ་མམ་ཚིག་རྣ་བར་སྙན་པར་སྟོན་པ་སྟེ། དཔེར་ན། དགའ་སྤྲོ་ཡིད་ཀྱི་མདོངས་མཐའ་རྫོགས། །ཞེས་པ་དང་། སྤྱན་མིག་སུས་མཐོང་སྡང་བ་སྐྱེད། །ཅེས་པ་དང་། ཞལ་རས་ཟླ་བའི་དཀྱིལ་འཁོར་ཉ་གང༌། །ཞེས་པ་ལྟ་བུའོ། །ཡང་ཏིག་གི་གཏམ་ཞེས་པ་ནི་གཏམ་མམ་ཚིག་གི་སྙིང་པོའི་རྡོག་ཁ་ལས་ཤུགས་ཀྱིས་གནས་ལུགས་ག་གེ་མོ་ཞིག་བསྟན་པ་སྟེ། དཔེར་ན། ཀ་བ་བརྟན་པོས་ཁང་ཆེན་གདུང་མ་བཏེགས། །ཞེས་པ་དང༌། མི་ལ་འཕངས་པའི་ཐལ་བ་རང་མགོར་བབས། །ཞེས་པ་དང་། ཅི་འདྲ་བ་ཡི་ལས་བྱས་པའི། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །བཅས་པ་ལྟ་བུའོ། །ཡིན་ན་ཡང༌། དེ་ནི་སྙན་མོའི་གཏམ་ཡིན། འདི་ནི་ཡང་ཏིག་གི་གཏམ་ཡིན་ཞེས་དབྱེ་བ་གསལ་པོར་འབྱེད་དཀའ། ཁ་ཤས་ཤིག་ནི་སྙན་མོའི་གཏམ་ཁོ་ན་ཡིན་པ་མ་གཏོགས། ཕལ་ཆེ་བ་ནི་སྙན་མོ་དང་ཡང་ཏིག་གི་མཚན་མ་གཅིག་ཏུ་འདྲེས་པས། དེབ་ཀྱི་ཁ་བྱང་ལ་སྙན་མོ་ཡང་ཏིག་གཏམ་གྱི་པད་དཀར་ཆུན་པོ་ཞེས་བྱ་བ་དང༌། བསྡོམས་པས་གཏམ་ཆིག་སྟོང་ལྔ་བརྒྱ་ལྷག་བསྒྲིགས་ཡོད།
       གཉིས་པ། སྙན་མོ་ཡང་ཏིག་གཏམ་གྱི་རྟེན་འབྲེལ་གྱི་སྐོར། «ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ»ལས། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པས་ན། གཅིག་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་འགྱུར་བ་སྣང་ཚུལ་ཉམས་སུ་རྟོགས་པ་ཐེབས་པའི་རྟེན་དང་འབྲེལ་ནས་བྱུང་བ་སྟེ། དཔེར་ན། ནངས་སྔ་དྲོ་སྤྲིན་དམར་ཆུ་རེད། །དགུང་ཕྱི་དྲོ་སྤྲིན་དམར་མེ་རེད། །ཅེས་པ་དང་། ཆུ་ཡིས་ཆར་དང་ཆར་གྱིས་ཆུ། །རྒྱས་བྱེད་རེ་མོས་གྲོགས་སུ་འགྱུར། །ཞེས་པ་དང༌། རླུང་གིས་རྡུལ་གཏོར་ཆར་པས་གནོན། །ཞེས་པ་དང༌། ཐན་སྙེ་མགོ་འཕང་མཐོ། །བཅུད་སྙེ་མགོ་འཕང་དམའ། །ཞེས་པ་ལྟ་བུའོ། ། གཉིས་ནས། ནང་བཅུད་སེམས་ཅན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྟོགས་པའི་རྡོག་ཁ་མངོན་པར་མཚོན་པའི་རྟེན་དང་འབྲེལ་ནས་བྱུང་བ་སྟེ། དཔེར་ན། ལྷ་ཆོས་རྩ་བ་དད་པ་ཡིན། །མི་ཆོས་རྩ་བ་མཐུན་པ་ཡིན། །ཞེས་པ་དང༌། ཕ་ལ་དཀའ་བ་བུ་ཡི་འདུལ་ཐབས། །བུ་ལ་དཀའ་བ་ཕ་མའི་ནད་གཡོག །ཅེས་པ་དང༌། བྱ་བ་སྙོམས་ན་ཕྱི་ཐག་རིང༌། །ཕན་སེམས་ཆེ་ན་རྗེ་བོའི་ཕུལ། །ཞེས་པ་ལྟ་བུའོ། །
       གསུམ་པ། སྙན་མོ་ཡང་ཏིག་གཏམ་གྱི་བརྗོད་སྟངས་ཀྱི་སྐོར། གཅིག་ནས། དཔེ་བརྗོད་མེད་པར་ཐད་ཀར་དྲང་རྐྱང་དུ་བརྗོད་པ་སྟེ། དཔེར་ན། སྐྱིད་ཀྱི་ཟ་མ་མཉམ་ཟ། །སྡུག་གི་ཁུར་བོ་མཉམ་འཁུར། །ཞེས་པ་དང༌། སེམས་ཅན་དགའ་ན་དགེ་བ་ཡིན། །ཕ་མ་དགའ་ན་དྲིན་ལན་ཡིན། །ཞེས་པ་དང་། གཅིག་ལ་མ་འགྲིག་ན་གཞན་གྱི་སྐྱོན། །ཀུན་ལ་མ་འགྲིག་ན་རང་གི་སྐྱོན། །ཞེས་པ་ལྟ་བུ། གཉིས་ནས། དཔེ་རྐྱང་རྐྱང་བརྗོད་ནས་དོན་ཤུགས་ཀྱིས་སྟོན་པ་སྟེ། དཔེར་ན། འཕར་བ་དྲིའི་རྗེས་འབྲང་། །བྱ་རྒོད་གཟན་ལ་འཁོར། །ཞེས་པ་དང༌། ཉི་མའི་འོད་ཟེར་འཆར་བ་ན། སྐར་ཕྲན་མེ་སྟག་ངོམ་ས་མེད། །ཅེས་པ་དང༌། སྤྱང་ཀི་དོང་ལ་ལྷུང་ན། །ལུག་ལ་ཨ་ཞང་འབོད་པ། །ཞེས་པ་ལྟ་བུ། གསུམ་ནས། དཔེ་བརྗོད་དྲངས་ནས་དོན་བརྗོད་པ་ལ་གཉིས་ཏེ། དང་པོ་དོན་སྔ་མ་དང་དཔེ་ཕྱི་མ་ལྟར་བསྡེབས་ནས་བརྗོད་པ་ལ། དཔེར་ན། སྐྱིད་སྡུག་གཉིས་ཀ་གལ་ཏ་རེད། །ལུས་དང་གྲིབ་མ་མཉམ་གནས་རེད། །ཅེས་པ་དང༌། མི་ལ་གསོ་སྐྱོང༌། །ལྕགས་ལ་ངར་ལྡུད། །ཅེས་པ་དང༌། རྒྱལ་པོའི་བཀའ་ལ་ཡར་ཞུ་མེད། །རི་གཟར་ཆུ་ལ་ཡར་ཟློག་མེད། །ཅེས་པ་ལྟ་བུ། གཉིས་པ་དཔེ་སྔ་མ་དང་དོན་ཕྱི་མ་ལྟར་བསྡེབས་ནས་བརྗོད་པ་ལ། དཔེར་ན། ཁྱུང་དར་མའི་ལོ་ལ་གནམ་འཕང་གཅོད། །གནམ་ཁ་ཞེང་ཆེ་རུང་ཡ་མི་ང་། །བུ་དར་མའི་ལོ་ལ་འཇིག་རྟེན་འགྲིམ། །ས་ཁ་ཞེང་ཆེ་རུང་ཡ་མི་ང༌། །ཞེས་པ་དང༌། གནམ་ལ་ཆེ་བ་ཉི་ཟླ་ཟུང་གཅིག །ས་ལ་ཆེ་བ་བཙན་པོ་དབོན་ཞང༌། །ཞེས་པ་ལྟ་བུའོ། །
       བཞི་པ། སྙན་མོ་ཡང་ཏིག་གཏམ་གྱི་འབྱུང་ཁུངས་ཀྱི་སྐོར། དེབ་འདིར་བཀོད་པའི་སྙན་སྨོ་ཡང་ཏིག་གི་གཏམ་ཐམས་ཅད་ནི་གནའ་བོའི་ཕྱག་རྩོམ་ལྕགས་དཔར་མ་དང་། ཤིང་དཔར་མ། ཕྱག་བྲིས་མ་བཅས་དཔེ་ཆ་བདུན་ཅུ་ལྷག་ནས་དྲངས་པ་ཡིན་ཏེ། ལྕགས་དཔར་མ་ལ་མཚོན་ན་འདི་ལྟ་སྟེ། «མ་ཎི་བཀའ་འབུམ»དང་། «པད་མ་བཀའ་ཐང་།» «རྙིང་མ་དཔེ་ཚོགས།» «དཔག་བསམ་འཁྲི་ཤིང་།» «ཇོ་བོ་ཨ་ཏི་ཤའི་གསུང་འབུམ།» «དཔལ་ལྡན་ས་སྐྱ་པའི་གསུང་རབ།» «གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།» «བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།» «བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས།» «ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས།» «སྐྱེ་བོ་གསོ་ཐིགས།» «བཤེས་པའི་སྤྲིང་ཡིག །» «སྔགས་རིམ་ཆེན་མོ།» «རྒྱལ་རབས་གསལ་བའི་མེ་ལོང་།» «བཀའ་བློན་རྟོགས་བརྗོད།» «མི་དབང་རྟོགས་བརྗོད།» «གུང་ཐང་སློབ་གཉེར་བསླབ་བྱ།» «སྙན་ངག་རྩ་འགྲེལ།» «ཆོས་ཀྱི་གཞན་ཕན་ཉི་མ།» «བྱ་སྤྲེལ་གཏམ་རྒྱུད།» «ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།» «རྒྱ་བཟའ་བལ་བཟའི་རྣམ་ཐར།» «འགྲོ་བ་བཟང་མོའི་རྣམ་ཐར།» «སྣང་ས་འོད་འབུམ་གྱི་རྣམ་ཐར།» «མི་ལ་རས་པའི་རྣམ་མགུར།» «གཡུ་ཐོག་གསར་རྙིང་གི་རྣམ་ཐར།» «ཞབས་དཀར་པའི་རྣམ་ཐར།»«རས་ཆུང་པའི་རྣམ་ཐར།» «སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ།» «སྨྱོན་པའི་གཏམ་རྒྱུད།» «དེབ་ཐེར་དམར་པོ།» «དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།» «དེབ་ཐེར་དཀར་པོ།» «ཧོར་གླིང་གཡུལ་འགྱེད།» «ལྷ་གླིང་གབ་རྩེ་དགུ་སྐོར།» «རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ།» «འཛམ་གླིང་སྤྱི་བསང་།» «བདུད་འདུལ།» «རོ་སྒྲུང»དང་བཅས་པའོ། །ཤིང་དཔར་མ་ལ་མཚོན་ན་འདི་ལྟ་སྟེ། «འཕགས་པ་གསེར་འོད»དང་། «བརྒྱད་སྟོང་བ།» «བརྒྱད་སྟོང་འགྲེལ་ཆེན།» «མ་ཎི་ཡིག་དྲུག་གི་ཕན་ཡོན།» «བརྡ་བཀྲོལ་མུན་སེལ།» «བསླབ་བྱ་རིན་ཆེན་ཕྲེང་མཛེས།» «ཁྲིམས་ས་གོང་མའི་དཔྱད་ཁྲ།» «བདུད་འཇོམས་རལ་གྲི་དབལ་ཚ།» «བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག།» «ཉམས་མྱོང་རྒན་པོའི་འབེལ་གཏམ།» «སྐྱ་བསེང་བུ་ལྔའི་རྟོགས་བརྗོད།» «གཏམ་གྱི་པད་དཀར་ཆུན་པོ།» «གླིང་སྒྲུང་།» «ཙན་དན་རྫོང་གི་གཏམ་རྒྱུད།» «སྲིད་པ་རྒན་པོའི་འབེལ་གཏམ།» «སྟོང་ཐུན།» «མཐོལ་བཤགས་ཉམས་ལེན»དང་བཅས་པའོ། །བྲིས་མ་ལ་མཚོན་ན་འདི་ལྟ་སྟེ། «རང་དོན་མེད་པའི་བྱང་ཆུབ་ཀྱི་སེམས་བཤད་པ»དང་། «ཕ་མའི་ཞལ་གདམས་ཕྲེང་བ།» «ཐང་ཆེན་དགེ་བཤེས་ཀྱི་རྣམ་ཐར།» «སྟོན་བཤད་བྱི་རུ་དོ་ཤལ།» «ཡང་ཏིག་གཏམ་གྱི་སྐྱེད་ཚལ།» «ཆོས་ཀྱི་རྟོགས་པ་ཉམས་ལེན།» «བར་པའི་ཞལ་གདམས།» «མི་ཆོས་ལས་འཕྲོས་པའི་གཏམ»དང་བཅས་པའོ། །
འབྲེལ་ཡོད་འོས་སྦྱོར།