logo

བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་དེབ་གསར«སྦྲུལ་ལོ»དངོས་སུ་པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-10 ཀློག་གྲངས།:
       ཉེ་སྔོན། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་དེབ་གསར«སྦྲུལ་ལོ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
       «སྦྲུལ་ལོ»ནི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་སྤྱི་ལོ༡༩༤༡ལོའི(ལུགས་རྙིང་ལོའི་སྦྲུལ་ལོ)ལོ་རྒྱུས་དོན་རྐྱེན་རྒྱབ་ལྗོངས་བྱས་པའི་བརྩམས་སྒྲུང་རིང་གྲས་ཤིག་སྟེ། རྩོམ་པ་པོས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ལྟ་ཀློག་བྱས་ཤིང་། རྟོག་བཟོའི་འབྲི་ཐབས་ལ་བརྟེན་ནས་བརྩམས་པ་ཞིག་ཡིན། བརྩམས་སྒྲུང་འདིའི་ནང་དམག་ཤེད་ཅན་གྱིས་ས་གནས་དེའི་དགོན་པ་དང་ཚོ་བ་ཁག་ལ་བཙན་ཁྲལ་བསྡུས་པར། མི་སེར་གྱིས་དཔྱ་ཁྲལ་གྱི་ཁུར་ཆེན་བཟོད་མ་ཐུབ་པས་དཔའ་ངར་ཆེན་པོས་ངོ་རྒོལ་བྱས་ཀྱང་མཐར་དམག་ཤེད་ཅན་གྱི་གདུག་རྩུབ་ཆེ་བའི་དྲག་གནོན་འོག་ཚེ་སྲོག་མང་པོ་ཐལ་བའི་རྡུལ་དུ་བརླགས་པ་དང་། སྲོག་ཉེན་ལས་ཐར་བའི་མི་རྣམས་འུ་ཐུག་ནས་བྲོས་བྱོལ་ལ་སོང་ཡང་ལམ་བར་དུ་ཡིད་སྐྱོ་བའི་གཏམ་རྒྱུད་མང་པོ་བྱུང་ཚུལ་བརྗོད་ཡོད།
       བརྩམས་སྒྲུང་འདིར་ཀྲུང་གོ་གུང་ཁྲན་ཏང་གིས་གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་མགོ་རྟིང་བསློགས་ནས་མི་དམངས་ལ་སླར་ཡང་འཚོ་བ་གསར་བ་བསྐྲུན་པ་མཐའ་མའི་འབྲས་བུར་བརྩིས་ཏེ། འོད་ཟེར་ནི་མུན་ནག་ལས་རྣམ་པར་རྒྱལ་སྲིད་པའི་ལྡོག་མེད་རང་བཞིན་གྱི་ལོ་རྒྱུས་མཚོན་པར་བྱས་ཡོད། བརྩམས་སྒྲུང་གི་བྱུང་རིམ་ཀྱག་ཀྱོག་ཆེ་བས་མི་སེམས་སྒུལ་ཅིང་། མི་སྣ་གསར་བཞེངས་ཞིབ་ཚགས་ཆེ་ལ་གསོན་ཉམས་དོད་པོའི་ཁྱད་ཆོས་བདོག་པ། སྐད་ཆའི་ཐད་རྩོམ་པ་པོས་ཁ་སྐད་ཀྱི་གསོན་ཉམས་རང་བཞིན་དང་ཡིག་སྐད་ཀྱི་ཚད་ལྡན་རང་བཞིན་ཐབས་མཁས་ཀྱིས་ཟུང་དུ་སྤྲེལ་ཏེ་རང་བྱུང་གི་དོན་བརྗོད་རྩོམ་གཤིས་ལྷུར་བླངས་ཡོད་པས། བརྩམས་སྒྲུང་འདི་ནི་ལོ་རྒྱུས་རང་བཞིན་དང་སྒྱུ་རྩལ་གྱི་འགུགས་ཤུགས་བླ་ལྷག་ལྡན་པའི་བརྩམས་ཆོས་ལེགས་པོ་ཞིག་ཡིན།

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
       ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭ་འགྲིམ། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཞོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་སྤེལ། བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག སྒྲུང་རིང་པོད་བཞི་ཡོད། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སི། འཇར་མན། འཇར་པན་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པར་མ་ཟད་ནུབ་གླིང་གི་སློབ་ཆེན་ཁ་ཤས་དང་བོད་སོག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད། བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་བྱ་དགའ་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།