དེབ་གསར«བོད་ཀྱི་གསོ་རིག་རྒྱུད་བཞི་གྲ་ཐང་པར་མ»དངོས་སུ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-09-15
ཀློག་གྲངས།:
ཉེ་ཆར། བོད་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ༡༡༠འཁོར་བའི་བཀྲ་ཤིས་དུས་བཟང་དང་བསྟུན། སྨན་རྩིས་ཁང་གིས་གཙོ་སྒྲིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས«བོད་ཀྱི་གསོ་རིག་རྒྱུད་བཞི་གྲ་ཐང་པར་མ»འདི་བསྒྲིགས་ཏེ་ད་ལྟ་དངོས་སུ་རྒྱ་ཆེའི་སྤྱན་ལམ་དུ་ཕུལ་ཡོད་དོ། །

རྒྱུད་བཞི་གྲ་ཐང་པར་མ་འདི་ནི། ཡུལ་གངས་ཅན་པའི་གསོ་བ་རིག་པའི་རྩ་བར་གྱུར་པའི་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞི་ལ་སྔ་ཕྱིར་བཤུ་འབྲི་བྱས་པའི་བྲིས་མ་དང་པར་ཤིང་བརྐོ་བའི་སྲོལ་དར་ནས་རྒྱུད་བཞི་ཡོངས་རྫོགས་པར་དུ་བསྒྲུབས་པའི་པར་མ་དང་པོ་སྟེ། འདིའི་པར་བྱང་ལས། ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུ་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་པ་འདི་བབ་བོ། །ཞེས་གསུངས་པ་བཞིན། རབ་བྱུང་དགུ་པའི་མེ་ཕོ་རྟ(སྤྱི་ལོ༡༥༤༦)ལོར། ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་དང་སྐུལ་མ་མཛད་པ་བཞིན། ནང་སོ་ཡར་རྒྱབ་པས་སྦྱིན་བདག་གནང་སྟེ་པར་དུ་བསྒྲུབས་ཤིང་གྲ་ཐང་དགོན་དུ་བཞུགས་སུ་གསོལ་བས། བཞུགས་སའི་གནས་ལ་བལྟོས་ནས་གྲ་ཐང་པར་མ་དང་། སྦྱིན་བདག་ལ་བལྟོས་ནས་ཡར་རྒྱབ་པར་མ་ཞེས་ཀྱང་ཞུ།

པར་ཤིང་དེ་ཉིད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་རྟ(སྤྱི་ལོ༡༩༦༦)ལོར་དུས་ཀྱི་འཕོ་འགྱུར་དབང་གིས་དེང་མཇལ་སྐལ་མེད་པར་གྱུར་ནའང་། པར་མ་འདི་ནི་དེ་སྔའི་པར་ཤིང་དངོས་ལས་དཔར་དུ་བསྐྲུན་པའི་དཔེ་རྙིང་འཁྲུལ་མེད་ཅིག་ཡིན།
འབྲེལ་ཡོད་འོས་སྦྱོར།
