logo

«དཀའ་བཅུ་བ་རྭ་རྒྱ་དགེ་འདུན་ཤེས་རབ་ཀྱི་བརྡ་སྤྲོད་གསུང་རྩོམ་ཕྱོགས་བསྒྲིགས»པར་དུ་བསྐྲུན་པ།

རྩོམ་པ་པོ།:སྙིང་རྒྱལ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-15 ཀློག་གྲངས།:
       «དཀའ་བཅུ་བ་རྭ་རྒྱ་དགེ་འདུན་ཤེས་རབ་ཀྱི་བརྡ་སྤྲོད་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པ་འདི་ནི། རྭ་རྒྱ་དགོན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་བླ་མ་དབུ་མཛད་ཟུར་བ་བློ་གྲོས་བསྟན་འཛིན་ལགས་ཀྱིས་མི་ལོ་བཅུ་ཕྲག་ལྷག་ལ་དཀའ་ངལ་ཁྱད་དུ་བསད་དེ་འབྲེལ་ཡོད་ས་གནས་དང་དགོན་སྡེ་ཁག་ལ་དངོས་སུ་ཕེབས་ནས། དཀའ་བཅུ་བ་དགེ་འདུན་ཤེས་རབ་བམ་རྐང་ཚ་དགེ་འདུན་ཤེས་རབ་མཆོག་གི་བརྡ་སྤྲོད་སྐོར་གྱི་གསུང་རྩོམ་བཞུགས་སོ་ཅོག་འཚོལ་བསྡུ་དང་རྩོམ་སྒྲིག་བྱས་པའི་དཔེ་རྙིང་དཀོན་གྲས་ཤིག་ཡིན་ལ། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་བསྐྲུན་བྱས་ཏེ་མི་འགྱངས་པར་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་སྔར་འབུལ་རྒྱུ་རེད།
       དཔེ་དེབ་འདི་ལ་མཚོན་ན་བྱང་ཕྱོགས་ཁ་བ་རི་བའི་མཁས་པ་རྣམས་ཀྱི་གཙུག་རྒྱན་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཤིང་བཟའ་མ་ཧཱ་པཎྜི་ཏ༸རྗེ་བཙུན་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་གི་ཐུགས་སྲས་འགྲན་ཟླ་དང་བྲལ་བའི་བུ་ཆེན་ལྔའི་ཡ་གྱལ། བཅུ་ཕྲག་རིག་པའི་དབང་ཕྱུག་ཆེན་པོ་དཀའ་བཅུ་བ་དགེ་འདུན་ཤེས་རབ་མཆོག་ལ་མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་དཀའ་གནས་ཀྱི་སྐོར་དང་། བརྡ་སྤྲོད་རིག་པའི་སྐོར་གྱི་གསུང་རྩོམ་མང་དུ་ཡོད་པ་ལས། འདིར་མིག་སྔར་ལག་སོན་བྱུང་བའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་སྟེ། དེའང་བརྡ་སྤྲོད་ཀྱི་གཞུང་ཚན་བཞིའི་ཤིང་དཔར་ཇི་མ་ཇི་བཞིན་ཡི་གེར་གཏགས་པ་དང་། ཁྱད་ཆོས་དང་རིན་ཐང་གིས་ཕྱུག་པའི་ཤིང་དཔར་མི་འདྲ་བ་དགུ་ཡི་མ་ཕྱི་སོར་འཇོག་གི་དོད་དུ་ཚོན་པར་གྱི་རྣམ་པས་བསྒྲིགས་ཤིང་། དེའི་པར་གཞི་གཤིབ་བསྡུར་རེའུ་མིག་དང་། མཛད་པ་པོའི་རྣམ་ཐར་ཕྲན་དཔྱད། ཐ་སྙད་ཕྲན་དཔྱད། གཞུང་འདིའི་ཁྲིད་རྒྱུན་གྱི་སྐོར་ཉུང་བསྡུས་བཅས་ཀྱིས་ཟུར་བརྒྱན་ཏེ་སྡེ་ཚན་གསུམ་གྱི་ཁོངས་སུ་བསྡུས་ནས་གྲུབ་པ་ཞིག་རེད།
       དེབ་ཀྱི་དཀར་ཆག
       དེབ་འདིའི་ཁྱད་ཆོས་གཙོ་བོ་ནི། བོད་ཀྱི་སློབ་གསོ་བ་གྲགས་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བསྩལ་བའི་དེབ་འདིའི་གླེང་བརྗོད་དུ། བོད་ཡིག་ཐོག་མར་སྦྱང་མཁན་རྣམས་ལ་གོ་རིམ་ལྟར་བློ་རུ་འཛིན་པའི་རྩ་བར་བདེ་བ་དང་། རྨང་གཞི་ངེས་ཅན་ཡོད་པའི་སློབ་གྲྭའི་སློབ་མ་རྣམས་ལ་ཐར་ཆགས་སུ་སྦྱང་བའི་སློབ་དེབ་ཏུ་འཚམ་པ། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་དཔྱད་གཞིའི་ཀློག་དེབ་གལ་ཆེན་དུ་བརྩི་ཆོག་པར་མ་ཟད། དེང་རབས་སྐད་རིགས་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ལའང་མེད་དུ་མི་རུང་བའི་རྒྱུ་ཆ་གཙོ་བོ་ཞིག་ཏུ་འགྱུར་ངེས། ཞེས་བཀོད་ཡོད་པ་ལྟར་ཡིན།
       འདིར་གསལ་ཁ་འདོན་དགོས་པ་ཞིག་ལ། དཔེ་དེབ་འདིའི་ནང་གི«དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག»ཅེས་པ་དེ་ནི་མཁས་པའི་ཞལ་རྒྱུན་ལ་རྭ་རྒྱའི་དག་ལྷབ་ཏུ་གྲགས་པ་དེ་ཡིན་ལ། དེ་ནི་འགྲན་ཟླ་དང་བྲལ་བའི་དག་ཡིག་རྣམ་གསུམ་གྱི་ཡ་གྱལ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི«དག་ཡིག་ཟ་མ་ཏོག»དང་། དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོའི«དག་ཡིག་ངག་གི་སྒྲོན་མ»གཉིས་ལ་ཁུངས་བཅོལ་ནས་མཛད་པས་དེ་གཉིས་ཀྱི་ཟུར་འདེབས་ལྟ་བུའང་ཡིན་ཞིང་། དེའི་ཚིག་སྦྱོར་ལེགས་ཤིང་ཐ་སྙད་རེ་རེའི་ཁུངས་བཙུན་པ། ཁ་གསལ་གོ་བདེ་སོགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པས། དགོན་སྡེ་མང་དག་ཅིག་གི་བསླབ་དེབ་ཏུ་གྱུར་ནས་འཆད་ཉན་རྒྱ་ཆེར་དར་མྱོང་བ་མ་ཟད། ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་ཐོག་མར་བོད་ཡིག་སྦྱང་མཁན་དག་གིས་གཞུང་འདི་ལ་ཐོས་བསམ་བྱས་ན་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་ཅེས་གསུང་མྱོང་ཡོད་དོ། །
འབྲེལ་གཏུགས་ཁ་པར། 17709758839    15597585529
འབྲེལ་ཡོད་འོས་སྦྱོར།