logo

ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་ཐུང་ཕྱོགས་སྒྲིག«སོར་གདུབ»སྒོར་ཐོན་འདུག

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-21 ཀློག་གྲངས།:
       ཉེ་སྔོན། ཨ་སྐྱབས་དར་རྒྱས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ«སོར་གདུབ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཏེ་སྒོར་ཐོན་འདུག
       དེབ་འདིར་བསྡོམས་པའི་སྒྲུང་ཐུང་ཉེར་བདུན་ལྷག་འཁོད་ཡོད་ལ། དེ་ནི་རྩོམ་པ་པོས་ལོ་ངོ་དགུའི་རིང་ལ་གསེར་རྟའི་གཞི་རིམ་དུ་གཞུང་དོན་བསྒྲུབས་པའི་རིང་ལ་བྲིས་པ་རེད། དེའི་ནང་དུ་རྩོམ་པ་པོ་རང་ཉིད་ཀྱི་མི་ཚེ་དང་འཚོ་བ། བདེ་སྐྱིད་དང་ཕུགས་འདུན་སོགས་ཀྱི་རིན་ཐང་ལྟ་གྲུབ་དང་འགལ་འདུའི་བསམ་བློ་མཚོན་ཡོད་ལ། ལྷག་པར་དུ་དུས་རབས་གསར་པའི་ཕ་ཡུལ་གྱི་ལེགས་ཉེས་གང་རུང་གི་འགྱུར་བ་གང་མང་ཞིག་སྒྲུང་གཏམ་དུ་བྲིས་ནས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད།

མཇུག་གི་གཏམ།
                                པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད།
                 —དགེ་རྒན་བཀྲ་བྷ་གླེང་བ།

གཅིག

       པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད། གངས་ལ་ཉི་མ་ཤར་འདྲའི་དགེ་རྒན་ཞིག་ཡོད། དེ་ནི་དགེ་རྒན་བཀྲ་བྷ་ལགས་རེད།
       2004ལོའི་ཟླ་བརྒྱད་པའི་ཚ་བ་ཆེ་བའི་དུས་ཤིག་ལ།ང་རང་རྒྱལ་ས་པེ་ཅིན་ལ་འབྱོར་སོང་། ཞིབ་ཏུ་བཤད་ན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཞིག་ཏུ་གྱུར་སོང་།
       ལོ་དེར། པེ་ཅིན་ལ་འབྱོར་ནས་ཡུན་རིང་མ་འགོར་བའི་དགེ་རྒན་བཀྲ་བྷ་ལགས་ངོ་ཤེས་ལ། ཁོང་ནི་སྤྱན་ཤེལ་དཀར་པོ་འཐུག་པོ་མནབས་ལ། གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་པ་དང་། སློབ་ཁྲིད་ཀྱི་ཞོར་དུ་ཀུ་རེ་སློང་བར་དགའ་བའི་དགེ་རྒན་ཞིག་རེད། ཁོང་གི་སློབ་ཁྲིད་ནི་བོད་ཀྱི་དེང་རབས་རྩོམ་རིག་རེད་ལ། ང་རང་ཆེས་སྤྲོ་བའི་སློབ་ཁྲིད་དེ་རེད་ཅེས་ཀྱང་བཤད་ཆོག
       སློབ་སྐབས་དེར། མཐོ་འབྲིང་གི་དུས་སུ་སྙན་ངག་ཁོ་ན་འབྲི་བར་ངའོ་སྙམ་པའི་སློབ་མ་ང་དགེ་རྒན་བཀྲ་བྷ་ལགས་ཀྱི་མདུན་ནས་སྒྲུང་གཏམ་གསར་རྩོམ་ལ་ཞུགས་འགོ་བརྩམས།
       ཐེངས་དང་པོ་ལས་བྱའི་ཚུལ་དུ་བྲིས་པའི་སྒྲུང་གཏམ་ཐོག་མ«ཚེ་སྲོག»ནི་ཏག་ཏག་སློབ་སྐབས་གཅིག་ལ་དགེ་རྒན་བཀྲ་བྷ་ལགས་ཀྱིས་སློབ་ཆུང་སློབ་མ་ཞིག་གི་རྩོམ་ཡིག་ལས་བྱ་བཅོས་པ་ནང་བཞིན་ངང་རྒྱུད་རིང་པོའི་སྒོ་ནས་བསླབས་པ་ཡིན། སྒྲུང་གཏམ་གྱི་མི་སྣ་གསར་བཞེངས་དང་། ཁོར་ཡུག་ཞིབ་འབྲི། བྱུང་རིམ་བཀོད་སྒྲིག ཁ་བརྡ་འབྲི་སྟངས། ཁ་བྱང་འཇོག་ལུགས། རྩོམ་མཇུག་བསྡུ་སྟངས་སོགས་ཞིབ་ཀྱིས་གསུངས་པ་དང་། ལྷག་པར་དུ་དགེ་རྒན་བཀྲ་བྷ་ལགས་ནི་ངང་རྒྱུད་རིང་ལ་ཞིབ་ཚགས་ལྡན་པའི་མི་ཞིག་ཡིན། ཁོང་གིས་ཐ་སྙད་རེ་རེ་དང་སྐད་ཆའི་ཚིག་ཕྲེང་རེ་རེ་བཅོས་པའི་གཤིས་ཀ་ནི་ད་ལྟ་བསམས་ན་ཅི་འདྲའི་ལྷག་བསམ་ཟོལ་མེད་དང་། ཅི་འདྲའི་སློབ་མ་ཞིག་ལ་འགན་ཁུར་གྱི་བསམ་བློ་ཡོད་པའི་ཡ་རབས་སྤྱོད་བཟང་ཞིག་རེད་ཨང་།
       ཐ་ན་ངས་རྒྱུན་པར་དོ་སྣང་ཡང་བྱེད་ཀྱིན་མེད་པའི་འདྲེན་རྟགས་ཀྱི་ནང་དུ་ཚེག་ཅིག་འཇོག་མིན་ཡང་ཞིབ་མོར་བཅོས་ནས་རྒྱུ་མཚན་བཤད་པ་མ་ཟད། སྐབས་རེ་སྒྲུང་གཏམ་དུ་བྲིས་པའི་དུམ་མཚམས་གཉིས་གསུམ་རེ་བརྗོད་བྱ་དང་འབྲེལ་མེད་རེད་ཟེར་ནས་བསུབས་འགྲོ་ལ། སྐབས་རེ་ཚིག་ཕྲེང་རེ་གཉིས་ལས་བྲིས་མེད་པ་ཏག་ཏག་སྒྲུང་གཏམ་འདིའི་འབྲི་དགོས་པའི་གནད་རེད་ཟེར་ནས་སྐད་ཆ་ཇེ་མང་། ཁ་ཇེ་གསལ་དུ་བཏང་ནས་འདི་ལྟར་བྲིས་ནས་ག་འདྲ་རེད་ཟེར་ནས་ངས་བྲིས་པའི་རྩོམ་ལས་ཁོང་གི་བྲིས་པ་མང་བའི་དུས་ཀྱང་ཧ་ཅང་མང་། སྐབས་རེ་ཡང་ཚིག་ཚོགས་རྒྱུ་མ་བླུགས་པ་མང་པོ་ཞིག་བྲིས་ཀྱང་དོན་ནི་རྡོག་རྡོག་འདི་ལས་སྟོན་ཐུབ་པ་མི་འདུག་ཟེར་ནས་ཚིག་ཕྲེང་གཅིག་གི་ནང་དུ་བཅོས་ནས་འདུག་པ་སོགས་མདོར་ན། སློབ་སྐབས་གཅིག་ལ་ངེད་གཉིས་ཀྱིས་མཉམ་དུ་བྲིས་པའི་སྒྲུང་གཏམ་ཐོག་མ«ཚེ་སྲོག»ཉིས་སྟོང་བརྒྱད་ལོའི«སྦྲང་ཆར»དུ་འགོད་ཐུབ་སོང་། དེ་ནི་ང་ལ་མཚོན་ན་རང་ཉིད་ནི་བོད་ཀྱི་རྩོམ་པ་པོ་ཞིག་ཏུ་འགྱུར་སོང་སྙམ་པའི་ང་རྒྱལ་དང་སྤོབས་པ་སྐྱེས་མྱོང་ལ། ལྷག་པར་དུ་རྩོམ་པ་པོ་དོན་གྲུབ་རྒྱལ་དང་སྟག་འབུམ་རྒྱལ་སོགས་ཀྱི་སྒྲུང་གཏམ་ཡང་ཐོག་མར«སྦྲང་ཆར»དུ་སྤེལ་ནས་འཚར་ལོངས་བྱུང་བ་རེད་བསམས་ན་ངོ་མ་སྐབས་དེའི་སྤྲོ་སེམས་ནི་ཚིག་གང་གིས་ཀྱང་མཚོན་མི་ཐུབ་པ་ཞིག་རེད་ཨང་།
གཉིས།
       པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད། གངས་ལ་ཉི་མ་ཤར་འདྲའི་དགེ་རྒན་ཞིག་ཡོད། དེ་ནི་དགེ་རྒན་བཀྲ་བྷ་ལགས་རེད།
       ཁོང་ནི་བོད་ཀྱི་སྒྲུང་གཏམ་གྱི་མཁན་པོ་ཡིན་པ་དང་མདོ་དབུས་ཁམས་གསུམ་གྱི་སློབ་མ་རིས་མེད་དུ་བསྐྱངས་ཤིང། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་མཛད་རྗེས་ཆེ་བའི་མི་བུ་རླབས་ཆེན་ཞིག་ཡིན་པས་ན་རི་རྒྱལ་གངས་ཏི་སེ་དང་འདྲ་ལ། ཕ་ཡུལ་མཚོ་སྔོན་ནས་ཡིན་ལ་མཚོ་སྔོན་གྱི་རྩོམ་པ་པོ་དང་ཤེས་ཡོན་པའི་སྡེ་ན་རྩོམ་རིག་གི་ཕྱག་ལས་རྨད་དུ་བྱུང་ལ་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་མངོན་པར་མཐོ་བས་རྨ་ཆེན་གངས་རི་དང་ཡང་འདྲ། ཁམས་ཀྱི་རྩོམ་པ་པོ་སྐྱེད་སྲིང་དང་རྩོམ་རིག་དར་སྤེལ་གྱི་ཕྱོགས་ལ་དམིགས་བསལ་གྱིས་བྱས་རྗེས་ཆེ་བས་གངས་དཀར་རི་བོ་དང་འདྲ་ལ། རྒྱལ་ས་པེ་ཅིན་ནས་བཞུགས་ཏེ་བོད་ཀྱི་རིག་གནས་དར་སྤེལ་དང་ལྷག་པར་དུ་སྒྲུང་གཏམ་དར་སྤེལ་གྱི་རྐང་འཛིན་དགེ་རྒན་ཡིན་པས་ཁོང་ནི་པེ་ཅིན་ན་ཡོད་པའི་གངས་རི་ལྟ་བུའི་དགེ་རྒན་ཞིག་ཏུ་གྱུར་པ་རེད།
       ཉིན་དེར། དགེ་རྒན་བཀྲ་བྷས་ངེད་གཉིས་དཔེ་ཁང་ཞིག་ཏུ་འགྲོ་ཟེར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ནུབ་སྒོའི་སྒོ་ཆུང་ནས་བུད་དེ་པེ་ཅིན་ཕྱི་སྐད་སློབ་གླིང་གི་ཟུར་ཞིག་ན་དཔེ་ཁང་ཆུང་ཆུང་ཞིག་འདུག དེའི་ནང་ནས་ཁོང་གིས་ང་ལ་སྒྲུང་གཏམ་གྱི་དཔེ་དེབ་མང་པོ་ཉོ་རུ་བཅུག་ལ། བག་ཆགས་ཆེས་ཟབ་པ་ནི་ནོར་ཝེའི་རྩོམ་པ་པོ་པེ་ཨང་སོང་གི«ཡབ་ཆེན»དང་། འཇར་པན་གྱི་རྩོམ་པ་པོ་ཁང་ཀྲོན་སི་ཐོན་གྱི«ཆར་གདུགས»ལྟ་བུའི་ལེགས་རྩོམ་ལ་ལད་ཟློས་དང་སློབ་སྦྱོང་བྱེད་དུ་བཅུག
       དེ་ནས་བཟུང་ངས«སྦྲང་ཆར»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་དཀར་རི་བོ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུ«མར་མེ»དང་། «འཇིབ» «རྫ་ཆུ་ཁའི་བུ་མོ»སོགས་སྒྲུང་གཏམ་མང་པོ་ཞིག་སྤེལ་མོད། ཕྱེད་ཀ་ནི་ངས་བྲིས་ལ་ཕྱེད་ཀ་ནི་དགེ་རྒན་བཀྲ་བྷ་ལགས་ཀྱིས་བཅོས་པ་ཡིན་ཞེས་བཤད་ཆོག
       2009ལོར། ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ལ། ང་དང་སློབ་གྲོགས་བསོད་ནམས་དར་རྒྱས། སྙིང་མོ་སྐྱིད་གསུམ་གྱིས་མཐར་ཕྱིན་དཔྱད་རྩོམ་གྱི་མཛུབ་ཁྲིད་དུ་དགེ་རྒན་བཀྲ་བྷ་ལགས་བདམས།
       ཉིན་ཞིག་དགེ་རྒན་གྱིས་ང་ལ་མི་སྒེར་ངོས་ཀྱི་མཛའ་བརྩེ་དང་འབྲེལ་བ་ནི་ངེད་གཉིས་ལས་བཟང་ཞིག་མེད་ཀྱང་། ད་ཐེངས་ཀྱི་ཕུལ་བྱུང་དཔྱད་རྩོམ་ལ་སློབ་གྲོགས་བསོད་ནམས་དར་རྒྱས་བཟང་བས་ཁོང་གིས་ཐེ་ཚོམ་མེད་པར་དེ་བདམས་ཡོད་ཅེས་ང་ལ་གསལ་བཤད་གནང་སོང་། ངས་སྐབས་དེར་དགེ་རྒན་བཀྲ་བྷ་ལགས་ནི་མི་སྒེར་གྱི་ཁ་ངོ་ལ་མི་ལྟ་བའི་རྒྱུ་འབྲས་བློ་མིག་ལྡན་ལ་གཞུང་དྲང་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་ཞིག་རེད་སྙམ་བྱུང་།
       2009ལོའི་ཟླ8པར་ང་རང་ཕ་ཡུལ་གསེར་རྟ་རུ་ལོག་ནས་གཞི་རིམ་དུ་གཞུང་ཞབས་པའི་ལས་ཀ་གཉེར་ལ། ལས་ཞོར་དུ་སྒྲུང་གཏམ་འབྲི་བའི་བརྩོན་པ་ལྷོད་མ་མྱོང་།
       དགེ་རྒན་བཀྲ་བྷ་ལགས་ལ་ཁ་པར་དང་འཕྲིན་ཕྲན་གྱི་ལམ་ནས་འབྲེལ་བ་བྱེད་པ་ཡང་མཚམས་འཇོག་མ་མྱོང་ལ། ངས་བྲིས་པའི་སྒྲུང་གཏམ་རེ་རེའི་ཀློག་པ་པོ་ཐོག་མ་ནི་ཁོང་ཡིན་ལ། ཁོང་གིས་སྔར་བཞིན་སུན་པ་མེད་པར་ངང་རྒྱུད་རིང་པོའི་སྒྲུང་གཏམ་གང་དེའི་སྐྱོན་ཆ་ཐེར་འདོན་དང་། ཐ་ན་ཡིག་ནོར་དང་། ཚིག་སྐྱོན། ལས་ཚིག་བཀོལ་ནོར། དུམ་མཚམས་དབྱེ་ལུགས། ཆེས་མ་མཐའི་ཚེག་ཅིག་ལྷག་མོར་ཡོད་པ་ཡན་ཆད་བཅོས་ཡོང་བས་ང་ལ་བར་སྐབས་ཤིག་ནས་སེམས་ཁྲལ་ཆེན་པོ་སླེབས་སོང་། གཞུག་ནས་སྒྲུང་གཏམ་ཅིག་བྲིས་རྗེས་ཆེས་མ་མཐའ་ཡང་དགེ་རྒན་ལ་ཡིག་ནོར་བཅོས་སུ་འཇུག་མི་རུང་སྙམ་ནས་སྔར་ལས་ལྷག་པའི་གཟབ་ནན་བྱས་པ་ཡིན།
       དུས་སྐབས་དེ་འདྲ་ཞིག་ལ། ངས་སྒྲུང་ཐུང་བྲིས་པ་ཧ་ཅང་མང་མོད། ཡིད་མགུ་བའི་སྒྲུང་གཏམ་ཡག་པོ་ཅང་འཁྱོངས་མེད་པ་འདྲ། དགེ་རྒན་བཀྲ་བྷས་ནམ་རྒྱུན་ང་ལ་སྐུལ་སློང་དང་ལྷག་བསམ་རྣམ་དག་གིས་མཛུབ་ཁྲིད་འདོར་མ་མྱོང་བས་ངས་ཀྱང་སྒྲུང་གཏམ་འབྲི་བ་མཚམས་འཇོག་མ་མྱོང་ལ། «སྦྲང་ཆར»དུ་བཀོད་པའི་སྒྲུང་ཐུང«འཇིབ»ལ་དཔྱད་བརྗོད་པ་ཆོས་སྐྱོང་གིས་གདེང་འཇོག་ཐོབ་པས་ང་ལ་མུ་མཐུད་དུ་སྒྲུང་གཏམ་འབྲི་བའི་ཡིད་ཆེས་བསྩལ་བྱུང་།
       སློབ་ཆེན་སྐབས་སུ། ངས་ཕྱི་གླིང་མཚན་ཉིད་རིག་པའི་དཔེ་ཆ་མང་པོ་ཞིག་བཀླགས་མྱོང་ལ། དེ་ནི་དགའ་རོགས་བདེ་སྐྱིད་ལགས་མཚན་ཉིད་རིག་པ་དང་ཆོས་ལུགས་སྡེ་ཁག་ནས་ཡིན་པ་དང་རང་ལ་ཡང་དེའི་དགའ་ཕྱོགས་ཡོད་པས་ཡིན་ནམ། བོད་རིག་པ་ཞིབ་འཇུག་གླིང་གི་རྩོམ་རིག་སློབ་ཁྲིད་མ་གཏོགས་ངས་ཅི་ཞིག་སྦྱང་པ་གསལ་པོར་དྲན་གྱིན་མི་འདུག མཚན་ཉིད་རིག་པའི་སྡེ་ཁག་གི་གཙོ་སྦྱོང་དག་ཀྱང་ངའི་བདམས་སྦྱོང་སློབ་ཚན་བྱས་པས་དགེ་རྒན་དེ་དག་གིས་ངའི་ལྷད་མེད་ཀྱི་གདོང་གི་འཛུམ་མདངས་དང་ཉན་སྤྲོ་བའི་རྣམ་འགྱུར་ལ་ལྟ་བཞིན་སློབ་ཁྲིད་ལ་སུན་སྣང་མེད་པའི་རྣམ་པ་དུས་ད་ལྟ་ཡང་ཡིད་ལ་ཝ་ལེར་དྲན་གྱིན་འདུག
       བར་སྐབས་ཤིག་ལ་ངས་སྒྲུང་རིང་འབྲི་བར་ཚོད་ལྟ་བྱས་ལ། «ལམ་འགྲོ་བ»ནི«སཱོ་ཧྥེ་ཡི་འཇིག་རྟེན»ལྟ་བུའི་སྒྲུང་རིང་སྐད་གྲགས་ཅན་ཞིག་འབྲི་དགོས་སྙམ་སྟེ། སྒྲུང་གཏམ་གྱི་བརྗོད་བྱ་ལ་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་ཆ་ཚང་དང་སློབ་ཆེན་གྱི་བརྩེ་དུངས་ཀྱི་གཏམ་རྒྱུད་ཡག་པོ་ཞིག་འབྲི་དགོས་སྙམ་ནས་མཚན་མོའི་གཉིད་བཅགཉིན་ཀྱི་ཟས་བརྗེད་ནས་ཡུན་རིང་ཞིག་ལ་རང་ཉིད་གཅིག་པུས་གློག་ཀླད་དུ་ཡི་གེ་གཏགས་ནས་སྡོད་དུས། ངའི་ཨ་མ་དྲིན་མོ་ཆེ་ལགས་ཀྱིས་འདི་ལྟར་གསུང་མྱོང་སྟེ། “མ་ལོ། ཆུང་དུས་ནས་ཡི་གེ་འདྲ་བཏོན་ནས་སྡུག་མ་རིག་བསམ་པ་མེད། ད་ནི་ཟླ་ཕོགས་འདྲ་ཡོད་པ་རེད། ཉིན་གང་བོར་གློག་ཀླད་ལ་ལྟ་མ་འདུག་མ་གཏོགས་མིག་གིས་ཀྱང་རིག་ས་མ་རེད”ཟེར།  
       ངས་དེ་ལྟར་ཡུན་རིང་བྲིས་པའི་སྒྲུང་རིང་ཤོག་གྲངས་ལྔ་བརྒྱ་ལྷག་ཡོད་པ་དེ་དགེ་རྒན་བཀྲ་བྷ་ལགས་ལ་བསྐུར་བ་ན། ཁོང་གིས་སྔར་བཞིན་ཕྱོགས་གང་མང་ཞིག་ནས་དགོངས་འཆར་གང་མང་བཏོན་ལ། ལྷག་པར་དུ་ངའི་བློ་ཡུལ་ལ་ཤོངས་དཀའ་བ་ཞིག་ནི་བཅོས་ནས་དཔར་ལ་ཉེ་བའི་ཉིན་ཞིག ཁོང་གིས་ང་ལ་ཁྱོད་རང་འཐད་ན་ཁྱོད་ཀྱིས་སྒྲུང་རིང་ནང་གི་ཆོས་ལུགས་སྐོར་དེ་ཅང་ཡག་པོ་ཞིག་འཁྱོངས་མི་འདུག་པས་ཚང་མ་བླངས་ནས་སློབ་ཆེན་གྱི་བརྩེ་དུངས་ཀྱི་སྐོར་དེ་ཁོ་ན་བཞག་ན་འགྲིག་ཟེར། འདི་ནི་ནད་པ་ཚབས་ཆེན་ཞིག་ལ་གཤག་བཅོས་ཚབས་ཆེན་ཞིག་བྱས་པ་དང་གཉིས་སུ་མེད། ངས་ཆེས་མ་མཐའ་ཡང་སྤུས་ཚད་ཀྱི་མ་འདང་ཡང་ཤོག་གྲངས་དང་ཡིག་ཚོགས་ཀྱིས་འདང་བའི་བོད་ཀྱིས་སྒྲུང་རིང་ཞིག་དཔར་སྐྲུན་བྱེད་པའི་སྟོང་བསམ་རླུང་ལ་བསྐུར་སོང་ཡང་། ཅུང་ཙམ་ནས་ང་ཡང་ལྷོད་ལ་བབས་སོང་། ངས་ཐེངས་དང་པོ་བྲིས་པའི་སྒྲུང་ཐུང«ཚེ་སྲོག»ཀྱང་སློབ་སྐབས་གཅིག་གི་རིང་བཅད་གཏུབ་དང་དག་བཅོས་བྱས་པ་མིན་ནམ། དེའི་བཀའ་དྲིན་གྱིས་སྒྲུང་ཐུང«ཚེ་སྲོག»ནི་སྦྲང་ཆར་དུ་བཀོད་པ་དང་ཀློག་པ་པོའི་མིག་སྔར་བསྟར་རིན་ཡོད་པ་ཞིག་ཏུ་ཆགས་པ་རེད། དགེ་རྒན་བཀྲ་བྷ་ལགས་ཀྱི་གསུང་ལ་བསླུ་བ་ནམ་ཡང་ཡོད་མི་སྲིད་སྙམ་ནས་མཐར«ལམ་འགྲོ་བ»ལ་ཁོང་གི་རིན་མེད་ཇུས་འགོད་དང་མཛུབ་སྟོན་འོག དཀར་མཛེས་ཁུལ་གྱི་བོད་ཡིག་སྒྲུང་རིང་ཐོག་མ་དང་བོད་ཀྱི་སློབ་ཆེན་པའི་འཚོ་བ་བརྗོད་བྱ་ཐོག་མ་བྱས་པའི་སྒྲུང་རིང་གི་དེབ་དཔར་སྐྲུན་ལེགས་འགྲུབ་བྱུང་སོང་།
གསུམ།
       པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད། གངས་ལ་ཉི་མ་ཤར་འདྲའི་དགེ་རྒན་ཞིག་ཡོད། དེ་ནི་དགེ་རྒན་བཀྲ་བྷ་ལགས་རེད།
       ང་ནི་སློབ་ཆུང་ནས་སློབ་འབྲིང་དང་། མཐོ་འབྲིང་ནས་སློབ་ཆེན་བར་བཀའ་དྲིན་ཅན་གྱི་དགེ་རྒན་གང་མང་ཞིག་ལ་འཕྲད་ཀྱང་། སློབ་མཐར་ཕྱིན་རྗེས་ད་དུང་འབྲེལ་ལམ་གཏན་ནས་ཆད་མ་མྱོང་ལ།ཁ་པར་བཏང་ནས་དུས་ཚོད་གཅིག་ལྷག་རེ་ཇི་ལྟར་སོང་བ་མི་ཤེས་པའི་དགེ་རྒན་ནི་དགེ་རྒན་བཀྲ་བྷ་ལགས་ཁོ་ན་ཡིན།ནམ་རྒྱུན་སྒྲུང་ཐུང་རེ་བྲིས་རྗེས་ཁོང་ལ་བསྐུར་བ་ན་ཁོང་གིས་དུས་ལྟར་དགོངས་འཆར་ལྷུག་པོར་གནང་བ་མ་ཟད། ཞོར་དུ་གསར་རྩོམ་བྱས་པའི་ཁོང་གི་སྒྲུང་གཏམ་ཡང་མཉམ་སྤྱོད་བྱེད། ཞིབ་ཏུ་བསམས་ན། དགེ་རྒན་བཀྲ་བྷ་ལགས་ཀྱི་ལོ་ཚོད་ལ་སླེབས་དུས། ད་དུང་སྒྲུང་གཏམ་གསར་རྩོམ་ལ་ཤ་ཐང་གིས་འབད་པ་ནི་རྩོམ་རིག་ལ་བློ་དཀར་བ་དང་། ཤེས་ཡོན་པ་རྣལ་མ་ཞིག་གི་ཁྲེལ་གཞུང་ལོས་ཡིན། ང་ཚོར་འདི་ལྟར་རྒྱུན་སྐྱོང་ཐུབ་པའི་སྒྲུང་གཏམ་པ་ག་ཚོད་ཡོད་པ་ངས་མ་བཤད་ཀྱང་ཚང་མས་སྒྱེ་ནང་ལག་བཅུག་ལས་སྒྱེ་རྒྱབ་ལག་མྱང་མིན་པ་ལོས་ཤེས། ཁོང་དང་ཁོང་གི་སྒྲུང་གཏམ་ནི་ད་གཟོད་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་དང་། མ་བགྲོས་མཉམ་འཛོམས་ཡོང་བའི་ཁྲེལ་ཡོད་ཀྱི་གྲོགས་པོ་རྙིང་བ་ཞིག་དང་ཅི་འདྲའི་འདྲ་ཨང་།
       ལས་ཞུགས་བྱས་པའི་རྗེས་སུ།ངས་སྒྲུང་གཏམ་འབྲི་བ་སྔར་བཞིན་རྒྱུན་བསྐྱངས་ལ།དགེ་རྒན་བཀྲ་བྷ་དང་འབྲེལ་བ་བྱེད་མཚམས་ཀྱང་འཇོག་མྱོང་མེད།
       སྔ་གཞུག་ཏུ། བོད་འབྲེལ་ས་ཁུལ་གྱི་རྩོམ་རིག་དུས་དེབ་གང་མང་གི་ཐོག་ཏུ།«སློབ་ཆུང་དུས་ཀྱི་ཞོགས་པ་ཞིག» «བརྩེ་བ་གང་དུ་ལུས་སོང» «གྱང» «ས་ག་ཟླ་བ» «སྒྲོལ་མའི་ལེའུ» «ཕལ་བའི་མི»སོགས་སྒྲུང་གཏམ་མི་ཉུང་བ་ཞིག་སྤེལ་ལ། དེ་དང་མཉམ་དུ། གྲོགས་པོ་ཚེ་རིང་དོན་གྲུབ་དང་མཉམ་དུ«གངས་དཀར་རི་བོའི»བོད་ཡིག་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུའི་ཐོག དཀར་མཛེས་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ལགས་བཙལ་ནས་དཀར་མཛེས་ཁུལ་གྱི་བོད་ཡིག་རྩོམ་པ་པོའི་གནས་བབ་སྙན་ཞུ་བྱས་ལ། «གངས་དཀར་རི་བོའི»གསེར་རྟའི་རྩོམ་པ་པོའི་ཆེད་དེབ་སྤེལ། 
       ལོ་དེར། རྒན་གངས་དབང་བཀྲ་ཤིས་ལགས་ཀྱི་ཐུགས་ཁུར་འོག«གངས་དཀར་རི་བོའི»བོད་ཡིག་དུས་དེབ་ལོ་ཟུང་དུས་དེབ་ནས་ཟླ་ཟུང་དུས་དེབ་དུ་བསྒྱུར་བ་དང་། ཀུན་བཟང་རྣམ་རྒྱལ་ལགས་ཆེད་དུ་གངས་དཀར་རི་བོའི་རྩོམ་སྒྲིག་འགན་ཁུར་བར་གདན་དྲངས་ནས་མདོར་ན་དཀར་མཛེས་ཁུལ་གྱི་རྩོམ་རིག་གནས་བབས་ལ་འགྱུར་ལྡོག་གསར་པ་དང་། མདུན་ལམ་གསར་བའི་སྟོབས་ཤུགས་བསྐྲུན།
       དུས་དེར། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཁྲིད་སྐལ་བཟང་འགྱུར་མེད་ལགས་ཀྱི་ཐུགས་ཁུར་འོག དམངས་སྒོར་ཁྲི་བཞི་བཅུ་ལྷག་གི་འགྲོ་སོང་ཕུད་ནས་ང་དང་རྒན་གངས་དབང་བཀྲ་ཤིས། ཕྱག་ཕྲེང་རྣམ་རྒྱལ་གསུམ་གྱི་རྩོམ་ཡིག་གི་དཔྱད་གླེང་འཚོགས་འདུ་ཁྲིན་ཏུའུ་ནས་བསྡུས་ལ། ངའི«ལམ་འགྲོ་བའི»དཔྱད་གླེང་ཚོགས་འདུའི་གདན་ཞུའི་དགེ་རྒན་ལ་བཀྲ་བྷ་ལགས་དང་། ཆོས་སྐྱོང་། བསོད་ནམས་རྒྱལ་གསུམ་ཕེབས་ལ། སྐབས་དེར། དགེ་རྒན་བཀྲ་བྷ་ལགས་ཀྱིས་དཀར་མཛེས་ཀྱི་ན་གཞོན་རྩོམ་པ་པོའི་སྡེ་ཁག་ལ་རྩོམ་རིག་གི་སློབ་ཁྲིད་གྱ་ནོམ་པ་ཞིག་གནང་སོང་།
       དེ་ལྟར། ལོ་མང་པོ་ཞིག་གི་རིང་ལ། ངས་ལས་ཞོར་དུ་སྒྲུང་གཏམ་མང་པོ་ཞིག་བྲིས་ཤིང་། བདག་གི་སྒྲུང་ཐུང«ཀུན་དགའ»ལ«གངས་དཀར་རི་བོ»རྩོམ་སྒྲིག་ཁང་གི་སྒྲུང་གཏམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། སྒྲུང་ཐུང་ཕྱོགས་བསྒྲིགས«མཆོད་མེ»ལ་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་གྱི་དམིགས་བསལ་མཚན་སྙན་གཟི་བརྗིད་ཀྱི་བྱ་དགའ་ཐོབ་པའི་གལ་ཆེའི་དུས་སྐབས་རེ་རེར་ངས་དུས་ལྟར་སྙན་ཞུ་ཕུལ་མོད། ཁོང་གིས་ང་ལ་སྙིང་ཉེ་བའི་ཚིག་གིས་གཏང་རག་ཙམ་ལས་ཁྱོད་ཀྱིས་བྲིས་པའི་སྒྲུང་གཏམ་འདི་ཧ་ཅང་ཡག་གི་ཟེར་བ་གཅིག་ཀྱང་ཡོད་མ་མྱོང་།
བཞི།
       པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད། གངས་ལ་ཉི་མ་ཤར་འདྲའི་དགེ་རྒན་ཞིག་ཡོད། དེ་ནི་དགེ་རྒན་བཀྲ་བྷ་ལགས་རེད།
       ལས་ཞུགས་བྱས་ནས་ལོ་གསུམ་ཙམ་འགོར་རྗེས། ང་གཞུང་ཞབས་པ་དཀྱུས་མ་ཞིག་ནས་བདེ་བླག་ངང་གསེར་ཁོག་གྲོང་རྡལ་གྱི་ཡུལ་དཔོན་གཞོན་པ་ཞིག་གི་གོ་གནས་རག་སོང་ལ། ལོ་གཉིས་འགོར་རྗེས་གསེར་རྟ་རྫོང་གི་གུང་གཞོན་ཚོགས་པའི་ཧྲུའུ་ཅི་ལ་བདམས་སོང་།
       ལོ་དེར། ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭས་རྒྱལ་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཧྲུའུ་ཅི་རྣམས་ལ་གསབ་སྦྱོང་ཚོགས་འདུ་ཞིག་པེ་ཅིན་ནས་སྤེལ་བའི་བརྡ་ཐོ་འབྱོར་ལ། ང་དུས་ལྟར་པེ་ཅིན་དུ་སོང་ནས་ཚོགས་འདུར་ཞུགས།
       གོ་སྐབས་དེ་དང་བསྟུན་ནས་ང་རང་དགེ་རྒན་བཀྲ་བྷ་ལགས་ལ་ཐུག་འཕྲད་བྱེད་དུ་སོང་།
       ཉིན་དེར། དགེ་སློབ་ལྷན་འཛོམས་ཟེར་བ་ལས་རྒྱུས་ཡོད་གྲོགས་པོ་རྙིང་པ་གཉིས་ངོ་ཐུག་པ་ནང་བཞིན། ཅི་ཞིག་བཤད་དགོས་ཀྱང་འཛེམ་དོགས་གཏན་ནས་མེད་པ་ཞིག་ཏུ་གྱུར་འདུག ཐོག་མར་ངེད་གཉིས་ཕྱི་གླིང་གི་ཟས་ཁང་ཞིག་ཏུ་སོང་ནས་ཞིམ་པོའི་ཟས་དང་། སྐྱེམ་འབར་ཆང་། དགའ་བའི་རྩོམ་རིག་གླེང་ནས་ཡུན་རིང་བསྡད་ལ། ཕྱི་དྲོ་ཁོང་གིས་ང་རང་སློབ་གླིང་མཐའ་སྐོར་གྱི་ཝུ་ཆང་འཐུང་ས་ཞིག་ཏུ་ཁྲིད་ནས་མུ་མཐུད་དུ་ཆང་ལ་རོལ་ཞིང་རྩོམ་རིག་གླེང་ནས་བསྡད།
       མཚན་མོར། སློབ་གྲྭའི་ཕྱི་ལོགས་ཀྱི་ཆང་འཐུང་ས་ཞིག་ཏུ་ཕྱིན་ནས་མུ་མཐུད་དུ་ཁ་བརྡ་བྱས་ནས་བསྡད་ལ། ང་ནི་དུས་སྐབས་དེ་འདྲ་ཞིག་ལ་ཆང་གི་ར་བཟི་ནས་ཝུ་ཆང་ཤེལ་དམ་སྟོང་པ་དག་རྒྱབ་ཀྱི་མི་ཚོགས་ཁྲོད་ཏུ་ཁྲོག་གེར་འཕངས་ནས་རྩྭ་ཐང་གི་འབྲོག་རྒན་ཞིག་གི་རང་གཤིས་དམར་རྗེན་དུ་བཏོན་པ་ན། དགེ་རྒན་བཀྲ་བྷས་སྤྱན་ཤེལ་གདོང་དུ་ལུག་ནས་ཧ་ཅང་གཟབ་ནན་གྱིས་ནམ་རྒྱུན་རྩོམ་གྱི་ཉེས་སྐྱོན་གླེང་བ་ནང་བཞིན། པེ་ཅིན་གྱི་ཆང་ཁང་གི་ནག་ཚོགས་ཡོད་ས་ཞིག་ན་གླིང་གི་རྒྱ་ཚ་འཁྲབ་སའི་གནས་ཤིག་མེད་པ་གོ་བར་གྱིས་ཟེར། མི་ཚེ་གང་ལ་བརྗེད་དཀའ་བ་ཞིག་ནི་ང་རང་ཆེས་གུས་ཤིང་བརྩེ་བའི་དགེ་རྒན་ལ་འཕྲད་པའི་དགའ་བ་དང་།
རྩོམ་རིག་གླེང་ནས་ལུས་སེམས་ལྷོད་ལ་བཏང་བའི་ཆང་གིས་བཟི་བའི་མཚན་མོ་དེར། ང་བཟི་དྲགས་པས་ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭ་ཟེར་བའི་མིང་དེ་ཡང་ལབ་མ་ཐུབ་ལ། ཀྲུང་དབྱང་སྲིད་འཛིན་སློབ་གླིང་གི་ར་སྐོར་ནས་ཡར་མར་ལ་ཁྲིད་དེ་དགེ་རྒན་གྱི་ཀོ་ལྷམ་རལ་ལ་རྐང་ཤུབས་ཀྱང་ཐེད་འདུག་ཟེར། “ཕྱི་ཉིན། ཨ་ལ་ལ།ཁྱོད་འདི་ཆང་གིས་བཟི་ན་ཁ་ལ་ཞིག་མི་ཉན་ཀིའགྲོ་ཟེར་ན་གང་ལ་འགྲོ་དགོས་མི་ཤེས་མགྲོན་ཁང་བཙལ་ནས་འདུག་ཟེར་ན་གང་ཞིག་ལ་འགྲོ་དགོས་ཟེར་གི ད་ང་ལ་ཀོ་ལྷམ་གསར་པ་ཞིག་གི་སྐྱིན་ཚབ་དགོས”ཞེས་ཀུ་རེ་ལབ་བྱུང་།
       མཚན་མོ་དེར། ངས་དགེ་རྒན་ཁོང་ལ་དཀའ་ལས་དེ་འདྲ་ཞིག་གཏད་པ་ནི་ཅི་འདྲའི་ངོ་གནོང་དགོས་པའི་དོན་དག་ཅིག་རེད་ཨང་། འོན་ཀྱང་ཁོང་གིས་ང་ལ་འཁང་ར་དང་ལེ་བདའ་མེད་པར་ཕྱིན་ཆད་ཆང་འཐུང་ན་གཟབ་གཟབ་བྱོས་ཟེར་ལ། དུས་དེར། ངས་སྔོན་ཆད་ཁོང་གི་སློབ་ཁྲིད་སྐབས་སུ་བཤད་པའི་ཆང་འཐུང་ཞིག་གི་སྐྱུག་མེར་བའི་དགོད་བྲོ་ལ་ངུའང་བྲོ་བའི་གཏམ་རྒྱུད་དེ་དྲན་སོང་།
       ང་ནི་རྫོང་ཐོན་ཨུའི་ཧྲུའུ་ཅི་ནས་སྟག་རྩེ་ཡུལ་ཚོའི་ཡུལ་དཔོན་ཞིག་ཏུ་གོ་གནས་འཕར་ཡང་། དེ་དག་ནི་ས་གནས་ཀྱི་དབུ་ཁྲིད་དང་ལས་གྲོགས་དག་གི་རྒྱབ་སྐྱོར་དང་ཐུགས་ཁུར་ཡིན་པ་ཤེས་མོད། ངའི་སེམས་དཀྱིལ་དུ་ནམ་ཡང་སྒྲུང་གཏམ་ཟེར་བའི་ནོར་བུ་ཞིག་ཡོད་ལ། ནོར་བུ་དེ་ནི་པེ་ཅིན་དུ་བཞུགས་པའི་གངས་རི་ལྟ་བུའི་དགེ་རྒན་དེས་གནང་བ་མིན་ནམ། གངས་ལ་ཉི་མ་ཤར་འདྲ་བའི་སྐྱེས་བུ་དེ་ནི་དགེ་རྒན་བཀྲ་བྷ་ལགས་ཡིན།
       ལོ་དེར། ངས་རྫོང་གི་རྩ་འཛུགས་པུའུ་ཀྲང་ས་སྐྱ་དོན་གྲུབ་དང་། རྫོང་ཨུའི་ཧྲུའུ་ཅི་ཀྲང་ཕིན་སིན་ལགས་བཙལ་ནས་ང་རང་དཀར་མཛེས་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་གོ་སྐབས་གནང་བའི་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་གསབ་སྦྱོང་དུ་འགྲོ་བའི་དགོངས་པ་ཞུས། སྐབས་དེར་དབུ་ཁྲིད་བསམ་དཀར་དག་གིས་ཁྱོད་ནི་རང་རྫོང་གི985སློབ་ཆེན་དང་པོ་དང་། མ་འོངས་པར་རྫོང་གི་དམིགས་བསལ་གསོ་སྐྱོང་གནང་སའི་ལོ་ཆུང་ཡིན་རབས་སྐོར་གྱི་བཀའ་སློབ་རྒྱབ་ཏུ་གཡུག་ནས་རྩོམ་རིག་གི་མཛེས་མ་དེའི་བསླུ་བྲིད་ལྡོག་མ་ནུས་པར་ཡང་བསྐྱར་པེ་ཅིན་དུ་རྩོམ་རིག་སློབ་གཉེར་བྱེད་དུ་ཡོང་།
       ངས་པེ་ཅིན་གྱི་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་དུས་ཡུན་ཟླ་བ་གཉིས་ལ་ཉེ་བའི་རིང་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ལ། གཞུང་གི་ཟླ་ཕོགས་ལེན་བཞིན་རང་གི་དགའ་ཕྱོགས་གཉེར་བའི་འཚོ་བ་དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།
       ཉིན་དཀར་རྒྱལ་ཡོངས་ཀྱི་རྩོམ་པ་པོ་གྲགས་ཅན་དག་གི་སློབ་ཁྲིད་ལ་ཉན་ཞིང་མཚན་མོར་རིགས་སོ་སོའི་རྩོམ་པ་པོ་དང་ཆང་འཐུང་ནས་རྩོམ་རིག་གླེང་བ་ནི་ཕུགས་བསམ་ནང་གི་རྨི་ལམ་མངོན་འགྱུར་བྱུང་བ་མིན་ནམ།
       གལ་ཏེ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་དགེ་རྒན་བཀྲ་བྷ་ལགས་དང་འཕྲད་མེད་ན་ང་ནི་ཡང་བསྐྱར་པེ་ཅིན་དུ་རྩོམ་རིག་སློབ་སྦྱོང་བྱེད་དུ་ཡོང་མི་སྲིད།
       ལས་ཞུགས་བྱས་རྗེས། གཅིག་ནས་ལོ་ཆུང་བ་དང་གཉིས་ནས་སློབ་ཆེན་པའི་སྙིང་སྟོབས་ད་དུང་ཉམས་མེད་པས་སྒྲུང་གཏམ«གཡག་རོག་རོག»བྲིས་ནས«སྦྲང་ཆར»དུ་སྤེལ་ལ། སྐབས་དེར་གསེར་རྟའི་སྤྱི་ཚོགས་ཀྱི་རྙོག་དྲ་མང་པོ་ཞིག་ལ་ཐད་ཀར་དགག་རྒྱག་དང་སུན་འབྱིན་གྱི་ལས་སུ་གཞོལ་ལ་ཉེ་སྐབས། དགེ་རྒན་བཀྲ་བྷ་ལགས་ཀྱིས་གསེར་རྟའི་གནས་བབས་སྤྱི་ལ་གནད་ཁེལ་དབྱེ་ཞིབ་དང་ང་ལ་ཕ་མ་ལྟ་བུའི་བསླབ་བྱ་གནངས་ཤིང་། ཁོང་གིས«སྦྲང་ཆར»དུ«དགེ་འདུན་དང་།
དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད»ཅེས་པའི་སྒྲུང་གཏམ་སྤེལ་ནས་རྒྱབ་སྐྱོར་དང་ཡིད་ཆེས་བསྩལ། «གཡག་རོག་རོག»ནི་སྐབས་དེར་གསེར་རྟའི་ཤེས་ཡོན་པ་ཞིག་གི་རྒྱུ་འབྲས་བློ་མིག་མ་དོར་བ་དང་། སྤྱི་ཚོགས་ཤིག་གི་ལོག་ལམ་གྱི་ངོ་བོ་མཐོང་སའི་སྒྲུང་གཏམ་ཅུང་དགའ་ཤོས་ཤིག་ཡིན་ལ། བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་གིས་ཀྱང་གདེང་འཇོག་མི་དམན་པ་ཐོབ།
       ལོ་དེར། སྒྲུང་གཏམ«གཡག་རོག་རོག»ལ་སི་ཁྲོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། «སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་ཡོན་དང་ཐེངས་འདིའི་བྱ་དགའི་དངུལ་གཉིས་བསྡོམས་ན་དངུལ་ཁྲི་གཉིས་ཡོད་པས། དགེ་རྒན་བཀྲ་བྷ་ལགས་ཀྱིས་ང་ལ་ཁ་མཚར་གྱི་ཚུལ་དུ“ཁྱོད་ཀྱི་གཡག་རོག་རོག་གི་ཡིག་འབྲུ་རེས་སྒོར་ཉི་ཤུ་ལྷག་གི་གོང་ཁུག་འདུག་པས་རིན་མཐོན་པོ་རེད”ཅེས་གསུངས་བྱུང་།
       ང་ནི་དེ་ལྟར་སྒྲུང་གཏམ་འབྲི་མཁན་ཞིག་གི་ངོས་ནས་སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཏུ་གྱུར་ལ། སྒྲུང་གཏམ་གྱིས་ང་ལ་དཔལ་འབྱོར་གྱི་ཁེ་བཟང་ཙམ་མ་ཟད་སྒྲུང་གཏམ་པ་ཞེས་པའི་མཚན་སྙན་གྱི་ཅོད་པན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་བསྩལ་བྱུང་། དེ་ནི་དགེ་རྒན་བཀྲ་བྷ་ལགས་ཀྱིས་ཐུགས་ཁུར་ལ་བསྟེན་ནས་བྱུང་བ་ལོས་ཡིན། ངས་སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་ཕུལ་བྱུང་བྱ་དགའི་ཤེལ་གྱི་རྟགས་མ་དེ་ཐལ་མོའི་རྡེབ་སྒྲ་དང་རྒྱལ་ཁའི་རོལ་དབྱངས་ཀྱི་ཁྲོད་ནས་ལག་ཏུ་ལེན་དུས། རྐང་གྲུག་རྒྱག་མཁན་ཚོ་ལ་འཛམ་གླིང་བུམ་པའི་གཟེངས་བསྟོད་གནང་བ་ལྟ་བུའི་དགའ་སྤྲོ་སྐྱེས་བྱུང་།
       ལོ་དེར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་སྒྲུབ་མཛད་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཆེན་མོ་སྤེལ་བའི་བརྡ་སྦྱོར་ཞིག་ཁྲི་སེམས་དཔའ་ལགས་ཀྱི་འཕྲིན་ཕྲན་གྱི་གྲོགས་ཚོམས་ལས་མཐོང་བས། ངས་ཉིན་དེར་རང་ཉིད་གཞི་རིམ་དུ་དམངས་ཀྱི་དཀའ་ཁག་རྒྱུས་ལོན་བྱེད་དུ་བསྐྱོད་པའི་མྱོང་ཚོར་དངོས་དེ་སྒྲུང་གཏམ་གྱི་ལམ་ནས་དུས་ཚོད་གཉིས་ལྷག་གི་རིང་ལ་ཤར་མར་བྲིས་ཤིང་། ཡིག་ནོར་དང་ཚིག་སྐྱོན་སྐོར་ཞིག་ཞིབ་ཚགས་ཀྱིས་བཅོས་རྗེས་སྒྲུང་གཏམ་གྱི་ཁ་བྱང་ལ«ནད»ཅེས་བཏགས་པ་དང་། ཐད་ཀར་འགྲན་ཞུགས་བརྩམས་ཆོས་ཀྱི་ཡིག་སྒམ་དུ་བསྐུར་པ་ཡིན། ཐེངས་འདིའི་དཔྱད་བརྗོད་པའི་ཐུགས་ཁུར་འོག བདག་གི་སྒྲུང་ཐུང«ནད»ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་སྐད་སྙན་དེ་ཁ་པར་བཏང་ནས་དགེ་རྒན་བཀྲ་བྷ་ལགས་ལ་ཞུས་པ་ན། ཁོང་གིས་གནས་ཚུལ་དེ་སྔོན་ནས་ཤེས་འདུག་ལ། “ཁྱོད་ཀྱི་སྔོན་ན་ཡོད་པའི་ཨང་དང་པོ་དང་གཉིས་པའི་རྩོམ་པ་པོ་གཉིས་ནི་འབུམ་རམས་པ་གཉིས་རེད་ལ། ཨང་གཉིས་པ་དང་ངེད་གཉིས་ཀྱི་བར་ན་སྐར་མའི་བར་ཁྱད་ཀྱང་ཆེན་པོ་མི་འདུག་ཅེས་ལབ་པ་དང་། ཨང་གཉིས་པ་དེ་ད་དུང་དགུང་ལོ་ཅུང་མཐོན་པོ་ཡིན་པས་ལོ་ཆུང་ཚོ་ལ་སྐུལ་མ་མི་བྱེད་པར་དེ་ལ་བྱ་དགའ་ཞིག་གིས་ཅི་བྱ་ཟེར། གང་ལྟར་ཁྱོད་དངོས་གཞི་སློབ་མ་ཞིག་ལ་མཚོན་ན་ཨང་གསུམ་པ་ཐོབ་པ་ཡང་ཡག་པོ་རེད”ཅེས་གདེང་འཇོག་ཅུང་མཐོན་པོ་ཞིག་གནང་བྱུང་། ང་ནི་ཉིན་དེར་བརྗོད་མི་ཤེས་པའི་དགའ་སྤྲོའི་ཚོར་བ་ཞིག་གིས་ཁེངས་ནས་ལྷ་སའི་དབུ་ཆང་གི་ཤེལ་དམ་མང་པོ་ཞིག་ཀྱང་ཇི་ལྟར་ལྔ་ལམ་དུ་བརྫངས་པ་མ་ཤེས།
ལྔ།
       པེ་ཅིན་ན་གངས་རི་ལྟ་བུའི་དགེ་རྒན་ཞིག་ཡོད། གངས་ལ་ཉི་མ་ཤར་འདྲའི་དགེ་རྒན་ཞིག་ཡོད། དེ་ནི་དགེ་རྒན་བཀྲ་བྷ་ལགས་རེད།
       སྒྲུང་ཐུང«ནད»ནི་ཐོག་མར«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུ་བཀོད་པ་དང་།
       དེ་ནས་བྱ་དགའ་ཐོབ་པའི་སྒྲུང་གཏམ་དག«སྦྲང་ཆར»དུ་བརྒྱུད་འགོད་བྱས། ལྷག་པར་སྒྲུང་ཐུང«ནད»ནི་དམའ་འབྲིང་ལོ་རིམ་གཉིས་པའི་བསླབ་དེབ་ཏུ་བདམས་པ་ནས་བཟུང་། མདོ་དབུས་ཁམས་གསུམ་གྱི་དགེ་སློབ་མང་པོ་ཞིག་གིས་ཧ་ཅང་གུས་ཞབས་ལྡན་པའི་སྒོ་ནས་འཕྲིན་ཕྲན་དང་ཁ་པར་བརྒྱུད་དེ་སྒྲུང་ཐུང«ནད»ཀྱི་སྐོར་བཅར་འདྲི་མང་ཙམ་བྱས་ལ། དགེ་རྒན་ལ་ལས་སློབ་ཁྲིད་ཟིན་བྲིས་སུ་སྒྲུང་གཏམ«ནད»ཀྱི་བརྗོད་བྱ་དང་། སྒྱུ་རྩལ་ཁྱད་ཆོས་སོགས་ངས་བློ་ཡུལ་དུ་མི་ཤོངས་པ་རེ་དབྱེ་ཞིབ་བྱས་ནས་བསྐུར་ཡོང་སྟེ། དགེ་རྒན་ལགས། འདི་ལྟར་བྱས་ན་འགྲིག་གམ་ཅེས་དྲིས་ཡོང་དུས་ངས་ནི་དེ་འདྲ་རེད་ཅེས་ལན་སྟབས་བདེ་ཞིག་སྦྱིན་པ་ལས་དྲང་མོ་བཤད་ན་སྒྲུང་གཏམ་གང་ཉིད་འབྲི་དུས་ངའི་གནད་དོན་མང་པོ་ཞིག་ལ་དེ་འདྲའི་ཞིབ་ཕྲའི་མནོ་བསམ་གཏོང་མྱོང་མེད་པ་དང་། ཡང་སློབ་འབྲིང་གི་སློབ་མ་ལ་ལས་ཨ་སྐྱབས་དར་རྒྱས་ཀྱི་འཁྲུངས་ལོ་ནི1985ཡིན་པ་དང་། འདས་ལོ་ནམ་ཞིག་རེད་ཅེས་དྲི་བ་ཡང་མང་པོ་དྲིས་པ་ནི་ངོ་མ་དགོད་བྲོ་བ་ཞིག་རེད་ལ། དེ་ནི་སློབ་མ་ཚོས་སྦྱངས་པའི་བརྩམས་ཆོས་མང་པོ་ཞིག་གི་རྩོམ་པ་པོ་རྣམས་ནི་སྐུ་གཤེགས་ཟིན་པས་མིན་ནམ། གང་ལྟར་ལྷ་སའི་སྐུ་ཞབས་བརྡར་ཟེར་བ་ཞིག་གིས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུ«མུ་ཏིག་བསྟར་ལ་བརྒྱུས་པའི་ནད»ཅེས་དཔྱད་བརྗོད་ཅིག་སྤེལ་བ་དང་། རྡོ་སྦིས་ཆོས་སྐྱོང་ཐར་ལགས་ཀྱིས«ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་ནད་བཀླགས་པ»ཞེས་པའི་དཔྱད་བརྗོད་སྤེལ་བར་བལྟས་ནས་སྒྲུང་གཏམ་དེ་ཅུང་ལེགས་པོ་ཞིག་འཁྱོངས་ཡོད་པ་འདྲ། གང་ལྟར་སྒྲུང་གཏམ«ནད»བསླབ་དེབ་ཏུ་བདམས་པ་ནས་བཟུང་། ང་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སོང་།
       སྒྲུང་གཏམ་ནི་གང་བྱུང་དུ་འབྲི་མི་ཉན་ལ། ད་ནི་དངོས་གནས་དགེ་རྒན་བཀྲ་བྷ་ལགས་ཡིད་ཚིམས་པའི་སྒྲུང་གཏམ་ལེགས་པོ་ཞིག་ཨེ་འཁྱོངས་ལྟ་བའི་དམ་བཅའ་བྱས།
       དེ་ནི་སྔར་གྱི་སྒྲུང་གཏམ་གྱི་གྲངས་ཚད་ལ་གཙིགས་ཆེན་བྱེད་པ་ནས་ད་ལྟའི་སྒྲུང་གཏམ་གྱི་སྤུས་ཚད་ལ་མཐོང་ཆེན་བྱེད་པའི་ཕྱོགས་སུ་གཞོལ་བ་ཡིན། སྔར་གྱི་དགག་སྒྲུབ་དང་། སུན་འབྱིན། སློབ་གསོ་རང་བཞིན་གྱི་སྒྲུང་གཏམ་ནས་ད་ལྟའི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རང་རྐྱ་འཕེལ་བའི་རིག་གནས་ལྟ་བ་དང་། རང་ཚུགས་ཐུབ་པའི་བཟང་སྤྱོད་ལེགས་པོ་མཚོན་པའི་སྒྲུང་གཏམ་འབྲི་བར་འབད་པ་ཡིན། དེ་ནི་དཔེར་ན«ང་ནི་བླ་རུང་སྒར་གྱི་བྱ་ཞིག་ཡིན» «ལམ་ཐུག་གྲོགས་པོ» «ཟམ་པ» «རྨ་མདུད» «བཅོ་ལྔའི་ཟླ་བ» «སེམས»ལྟ་བུ་ཡིན། «བཅོ་ལྔའི་ཟླ་བ»ཞེས་པའི་སྒྲུང་གཏམ་ཁྲི་སེམས་དཔའ་ལགས་ཀྱི་ལེགས་རྩོམ་སྤྱི་སྟེགས་སུ་བཀོད་རྗེས། དགེ་རྒན་བཀྲ་བྷ་ལགས་ཀྱིས་སྒྲུང་གཏམ་འདིའི་ཚིག་སྐྱོན་དང་ཡིག་ནོར་ཁ་ཤས་བཅོས་རྗེས། སྒྲུང་གཏམ་ཅུང་ལེགས་པོ་ཞིག་འཁྱོངས་འདུག་ཅེས་པའི་གདེང་འཇོག་ཅིག་ཀྱང་ཐོབ་སོང་བས་ང་ལ་མུ་མཐུད་དུ་སྒྲུང་གཏམ་འབྲི་བའི་སྤོབས་པ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་བསྩལ་སོང་།
       ངས་བྲིས་པའི་སྒྲུང་གཏམ་རེ་རེའི་ནང་དུ་དགེ་རྒན་བཀྲ་བྷ་ལགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་མཛུབ་སྟོན་རེ་རེ་ཡོད། བདག་གི་སྒྲུང་ཐུང«ཁྱི་མོ་དང་། དྲེད་མོང་། ད་དུང་ཀུན་དགའ་བཅས་ཀྱི་གཏམ་རྒྱུད»ནི་ངས་པེ་ཨང་སོང་གི་སྒྲུང་ཐུང«ཡབ་ཆེན»ལ་ལད་འབྲི་བྱས་པ་ཡིན་པས་ཁོང་གིས་ང་ལ་ཁ་བྱང་ཆུང་བའི་ནང་དུ་སྒྲུང་གཏམ་གང་ཞིག་ལ་ལད་འབྲི་བྱས་པ་ཡིན་པ་གསལ་བཤད་དགོས་ཟེར། འོན་ཀྱང་སྐབས་ཐོག་དེར་ངས་རང་ཉིད་ཀྱི་སྒྲུང་གཏམ་ཡག་པོ་ཞིག་འཁྱོངས་ཡོད་པའི་ཟོལ་གྱིས་ཁ་བྱང་ཆུང་བ་འབྲི་རྩིས་མེད། ཐེངས་ཤིག་ངས«དགའ་སྟོད་ཇོ་བོ»ཟེར་བའི་སྒྲུང་གཏམ་ཡག་པོ་ཞིག་བྲིས་ཡོད་འདོད་པ་དེ་དགེ་རྒན་བཀྲ་བྷ་ལགས་ལ་བསྐུར་བ་ན།ཁོང་གིས་ང་ལ་ཁྱོད་ནི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པས་སྒྲུང་གཏམ་དེ་འདྲ་ནི་གསང་གཏེར་བྱས་ན་འགྲིག་ཟེར། བདག་གི་སྒྲུང་ཐུང«དབལ་ཤུལ་དཔོན»ཟེར་བའི་ནང་དུ་ངས་གླིང་སྒྲུང་གི་ཐ་སྙད་དང་གཏམ་དཔེ་སྣ་མང་བཀོད་ནས་བྲིས་པ་ལ་ཁོང་གིས་དེ་ནི་སྒྲུང་གཏམ་ཞིག་ཡིན་མིན་མི་ཤེས་ལ་ཚིག་གི་སྒྱུ་རྩལ་མངོན་པ་ཙམ་རེད་ཟེར། ངས་དེ་ལྟར་སྒྲུང་ཐུང་གི་འབྲི་ཚུལ་ཅུང་ཙམ་ཤེས་པའི་དུས་དེར། ཁོང་གིས་ང་ལ་བརྗོད་བྱ་འདེམས་སྟངས་ཀྱི་ཕྱོགས་ནས་རེ་བ་ཆེན་པོ་བཏོན་བྱུང་། ད་ལྟ་བསམས་ན་དེ་ནི་ངས་ཅི་ལྟར་འབྲི་བ་ནས་ཅི་ཞིག་འབྲི་བའི་ཕྱོགས་ལ་གཟབ་ནན་དང་བརྩོན་པ་བྱེད་དགོས་བྱུང་།
       ལོ་འདི་དག་གི་རིང་ལ། དགེ་རྒན་བཀྲ་བྷ་ལགས་དབལ་ཤུལ་གསེར་རྟ་ལ་ཐེངས་གཉིས་ཕེབས་མྱོང་། ཐེངས་དང་པོ་ནི་ཁོང་ཉིད་གཅིག་པུར་ཕེབས་པ་དང་།
       ཐེངས་གཉིས་པ་ནི་ཁོང་གི་མ་ཡུམ་དང་། ཕུ་བོ་བཅས་མཉམ་དུ་ཕེབས་པ་རེད། དུས་དེར། ང་དང་སློབ་གྲོགས་ཚོས་ལག་ཏུ་ཁ་བཏགས་བཟུང་ནས་བསུ་བར་སོང་ལ། མགོན་པོ་འབྲོང་རི་སྨུག་པོའི་མདུན་ཕྱོགས། གསེར་ཆུ་ལྷུང་ལྷུང་བཞུར་བའི་གཡས་ཕྱོགས། གེ་སར་གསོལ་སྟོན་གླིང་ནས་དགེ་སློབ་ལྷན་འཛོམས་གྱི་ཁ་བརྡ་ཞིབ་པར་བྱས་ལ། ཤ་ཆང་གི་དགྱེས་སྟོན་ལ་རོལ་བཞིན་བདེ་སྐྱིད་ཀྱི་དགོད་སྒྲ་གསེར་རྒོད་མ་ཐང་གི་པང་བར་ཁད་ཀྱིས་བཞུད་སོང་།
       མཇུག་མཐར་དེབ་འདིའི་དཔེ་སྐྲུན་བྱ་བའི་ཐོག་མཐའ་ཀུན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྐོར་ཅིག་ལ་བཀའ་དྲིན་ཞུ་འདོད་དེ། དེ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་རྒན་འོད་ཟེར་ལགས་དང་། རྩོམ་སྒྲིག་འགན་ཁུར་བ་རྟ་མགྲིན་རྡོ་རྗེ་ལགས། དཔེ་སྐྲུན་མ་དངུལ་ལ་རྒྱབ་སྐྱོར་གནང་བའི་སྤྲུལ་བཀྲ་ཤིས་རྣམ་རྒྱལ་ལགས། སྤྲུལ་ཀུན་བཟང་བརྩོན་འགྲུས། རྩོམ་ཡིག་ཞུ་དག་བྱེད་མཁན་གྲོགས་ཐང་པོ། གཞན་གུས་པའི་ཆུང་མ་ཟླ་བ་སྒྲོལ་མ་བཅས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
2026.4.17
རྩོམ་པ་པོ་ངོ་སྤྲོད།
       ཨ་སྐྱབས་དར་རྒྱས1985ལོར་སི་ཁྲོན་གསེར་རྟ་རྫོང་དུ་སྐྱེས། 2009ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་ལ་སྒྲུང་རིང«ལམ་འགྲོ»དང་། སྒྲུང་ཐུང་ཕྱོགས་བསྒྲིགས«མཆོད་མེ»སོགས་ཡོད། སི་ཁྲོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཁྲོད་ཕུལ་བྱུང་བྱ་དགའ་དང་། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་གསུམ་པ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།