སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ«མདོ་དྲི་མེད་གཟི་བརྗིད»ཅེས་པ་དངོས་སུ་པར་སྐྲུན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-09-24
ཀློག་གྲངས།:
ཉེ་ཆར། ཁྲི་བསོད་བསྟན་ལགས་ཀྱིས་གཙོ་སྒྲིག་བྱས་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་པ«མདོ་དྲི་མེད་གཟི་བརྗིད»(1~12)ཅེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

ལྷར་བཅས་སྐྱེ་རྒུ་ཡོངས་ཀྱི་འདྲེན་སྟོན་ཆེན་མོ། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་ལ་རྒྱས་འབྲིང་བསྡུས་གསུམ་མཆིས་པ་ལས། བཀའ་ཕུན་སུམ་ཚོགས་པའི་བོན་སྡེ་སྟེ་མདོ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ཞེས་བྱ་བའི་གླེགས་བམ་བཅུ་གཉིས་ཀྱི་བདག་ཉིད་ཅན་འདི་ནི། སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་རབ་ཏུ་རྒྱས་པ་ཡིན་ལ། རྒྱལ་བའི་བཀའ་མདོ་འབུམ་རྒྱུད་མཛོད་ལས་མདོ་སྡེ་རུ་གཏོགས་པ་ཡིན། གཤེན་བསྟན་དར་ནུབ་ཀྱི་སྐབས་སུ་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་གཏེར་དུ་སྦས་ཤིང་། དུས་ཀྱི་མཚམས་སུ་སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས་ཟབ་གཏེར་དུ་བཞེས། དུས་རབས་བཅུ་གསུམ་པའི་ནང་རིག་འཛིན་སྟངས་ཆེན་པོས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་དུ་བརྒྱུད་ནས་རིམ་གྱིས་དར་ཁྱབ་ཏུ་སོང་། རབ་བྱུང་བཅུ་གསུམ་པའི་སྟོད་དུ་རིག་འཛིན་ཀུན་གྲོལ་གྲགས་ཆེན་གྱིས་བསྟན་སྦྱིན་ཁྲོ་ཁྱུང་ནང་སོར་གསུང་ཕབས་ཏེ་བཀའ་རིན་པོ་ཆེ་ཤིང་པར་དུ་བཞེངས་པའི་བསྐུལ་མ་བཏང་བའི་མཐའ་མར། དགོངས་བཞེད་ཐམས་ཅད་བདེ་བླག་ངང་ཡོངས་སུ་གྲུབ། དེར་བརྟེན་མཛད་རྣམ་ཤིན་ཏུ་རྒྱས་པ་འདི་ཉིད་དབུ་ཅན་དང་དབུ་མེད་ཀྱི་ལམ་ནས་འབྲི་བཞེངས་བྱེད་པ་དང་། ཚོགས་བསགས་ཀྱི་སླད་དུ་གསེར་དང་དངུལ་གྱིས་འབྲི་བཞེངས་བྱེད་མཁན་ཡང་རེ་འགའ་སྣང་བར་གྱུར།

དེ་བས་རིན་ཐང་གཞལ་དུ་མེད་པའི་སྟོན་པའི་མཛད་རྣམ་རྒྱས་པའི་ལོ་རྒྱུས་ཀྱི་བྱུང་རིམ་སྔ་ཞིང་ཤེས་བྱ་ཡི་རྨང་གཞིར་གྱུར་པ་ཀུན་གྱི་ཐུགས་ལ་དགོངས། འདི་ལ་དཔེ་རྒྱུན་སྣ་ཚོགས་ཅི་རིགས་ཤིག་འདུག་པ་ལས། གཙོ་སྒྲིག་པས་ཁྲོ་སྐྱབས་ཤིང་པར་མར་བཅོས་ལྷད་དང་དག་སྒྲིག་གི་འགྱུར་བ་ཅི་ཡང་མ་བཏང་བར་ཇི་བཞིན་དུ་ངོ་བཤུས་བགྱིས་པར་འབད་པའི་ཁྲོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པར་འགན་བཞེས་ཤིང་གཙོ་སྒྲིག་གནང་། དཔེ་སྐྲུན་གྱི་སྤུས་ཚད་མཐོ་ཞིང་སྒྲིག་སྦྱོར་གྱི་བཟོ་ལྟའང་ཤིན་ཏུ་ལེགས་པའི་མཛད་རྣམ་གྱི་དཔེ་དེབ་པོད་བཅུ་གཉིས་ཅན་འདི། རྒྱ་ཆེ་བའི་རིག་གཞུང་དོན་གཉེར་ཅན་རྣམས་དང་། ཡང་སྒོས་སུ་ཀློག་མཁན་གྱིས་མཛད་རྣམ་རྒྱས་པར་ཐོས་བསམ་སྒོམ་གསུམ་དང་། ཐུགས་དམ་གང་འབྱོར་གནང་ཐུབ་པའི་ཆ་རྐྱེན་དུ་འགྱུར་བར་སྤེལ།

གཙོ་སྒྲིག་པ་ཁྲི་བསོད་བསྟན་ལགས་ཀྱིས་སྔ་ཕྱིར་དཔེ་དེབ་རྩོམ་སྒྲིག་གི་མཛད་རྗེས་རླབས་ཆེན་བསྐྱངས་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལ། ཁོང་གི་ལེགས་སྤྱོད་ཀྱི་ཡོན་ཏན་ཐམས་ཅད་དཔེ་དེབ་རྩོམ་སྒྲིག་གི་ཟུར་རེ་རེ་ནས་མངོན་པར་མཐོང་ཐུབ། རྩོམ་སྒྲིག་ཆེད་མཁས་པའི་རྣམ་ཐར་འཛིན་པའི་ཁོང་ནི་ཁ་བཤད་ལས་ལག་ལེན་གཙོ་བོར་འཛིན་མཁན་ཞིག་དང་། རྩོམ་སྒྲིག་གི་དཀའ་ངལ་ལ་མི་ཞུམ་པའི་མི་བུ་ཞིག་ཡིན་ཕྱིར། ད་ལན་ཁོང་གིས་གཙོ་སྒྲིག་གནང་བའི་སྟོན་པའི་མཛད་རྣམ་རྒྱས་ཤོས«མདོ་དྲི་མེད་གཟི་བརྗིད»ལ་ཞིབ་ཏུ་འཇུག་ན། ས་གནས་ཤེས་བྱར་ཞིབ་འཇུག་དང་བསམ་བློའི་རྨང་གཞིའི་གྲུབ་འབྲས་གསར་པ། རིན་ཐང་གསར་པ་སོགས་འབྱུང་བར་ཐེ་ཚོམ་མེད་ལ། དགོས་དབང་ལ་བསྟེན་པའི་ལོ་རྒྱུས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་ཤིག་ཏུའང་སླེབས་ཐུབ་པར་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།
