logo

བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་སྐབས་བཞི་བ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-31 ཀློག་གྲངས།:


བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་སྐབས་བཞི་བ་བསྡུས་པ།

     སྤྱི་ཟླ8པའི་ཚེས25ཉིན་ནས་ཚེས27ཉིན་གྱི་བར། བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་སྐབས་བཞི་བ་དེ་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་དུ་དུས་ལྟར་སྤེལ་ཞིང་། བགྲོ་གླེང་འདི་ནི2014ལོར་སྤེལ་བ་ནས་བཟུང་། བོད་ཁུལ་གྱི་མཉམ་ལས་ཁང་དབར་འབྲེལ་འདྲིས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དཔལ་འབྱོར་འཐབ་ཇུས་གསར་བ་སློབ་སྦྱོང་བྱེད་པ་དང་། ནུས་ལྡན་གྱི་ཐོན་ཁུངས་སྡེབ་སྒྲིལ་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་ཆེད་ཡིན།


ཡུལ་དངོས་ཀྱི་རྣམ་པ།

     སྐབས་འདིའི་བགྲོ་གླེང་ནི་མཛོད་དགེ་རྫོང་ཞིང་ཕྱུགས་ལས་དང་ཆུ་བེད་ཅུས་གཙོ་སྒྲུབ་དང་། མཛོད་དགེ་ལྷ་སྡེ་བཀྲ་ཤིས་དགའ་འཁྱིལ་འབྲོག་ལས་འཚོ་སྐྱོང་ཆེད་ལས་མཉམ་སྒྲུབ་ཚོང་ལས་ཁང་དང་། མཛོད་དགེ་ཐང་སྐོར་ཐུ་བྷོད་མཐོ་སྒང་སྐྱེས་ཁམས་འཚོ་སྐྱོང་ཆེད་ལས་མཉམ་སྒྲུབ་ཚོང་ལས་ཁང་། མཛོད་དགེ་རྨེ་ཆུ་ཡུལ་ཚོའི་རྩྭ་ཐང་སྐྱེས་ཁམས་འདེབས་འཛུགས་ཆེད་ལས་མཉམ་སྒྲུབ་ཚོང་ལས་ཁང་བཅས་ཀྱིས་འགན་སྒྲུབ། སི་ཁྲོན་མཛོད་དགེ་རྫོང་བྱ་ཁྲེབ་འཇིག་རྟེན་ཆེན་མོ་དང་ཆ་རུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་བ་ཡིན་ལ། མཛོད་དགེ་རྫོང་ཞིང་ཕྱུགས་ལས་དང་ཆུ་བེད་ཅུའི་ཅུའུ་ཀྲང་སོགས་སྲིད་གཞུང་གི་མི་སྣ་ལྔ་ཐེངས་འདིའི་བགྲོ་གླེང་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་བ་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཞིང་ཕྱུགས་ཆེད་ལས་མཉམ་སྒྲུབ་ཚོང་ཁང་གི་འཐུས་ཚབ་དང་ལས་རིགས་སོ་སོའི་ཁེ་ལས་པའི་འཐུབ་ཚབ། ཚོ་གཤོག་གསར་བའི་ན་གཞོན་ཚོང་ལས་མནའ་འབྲེལ་འཐུས་ཚབ། བོད་ཁུལ་ན་གཞོན་ཚོང་ལས་པའི་འཐུས་ཚབ། དེ་མིན་ས་གནས་ཀྱི་མང་ཚོགས་འཐུས་ཚབ་སོགས་བསྡོམས་པས་མི་སྣ100ལྷག་ཐེངས་འདིའི་བགྲོ་གླེང་ལ་ཞུགས་ཡོད།


བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་སྐབས་བཞི་བ།

     ཐེངས་འདིའི་བགྲོ་གླེང་ལ་བོད་ཀྱི་མིང་གྲགས་སྙན་ངག་པ་དང་མི་རིགས་ཁེ་ལས་པ་སངས་རྒྱས་རྒྱ་མཚོ། ཀན་ལྷོ་ཁུལ་གློག་རྡུལ་ཚོང་ལས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་ནོར་བུ་བཟང་པོ་དྲ་བའི་འགན་འཛིན་པ་པདྨ་ཚེ་རིང་། མཚོ་སྔོན་ཞིང་ཆེན་ཚོང་གཉེར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་རིག་འཛིན། ཚོ་གཤོག་གསར་བའི་གསར་གཏོད་པ་རྡོ་རྗེ་འབུམ། བོད་བཟོ་ཀུན་ཁྱབ་དྲ་བའི་རྫི་བོ་རྟགས་ཚོང་རྟགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དངོས་གྲུབ་སོགས་གདན་འདྲེན་ཞུས་ཏེ། ཡུལ་དངོས་ཀྱི་ཚོགས་ཞུགས་མི་སྣ230ལྷག་ལ་རང་གི་ཁྱབ་ཁོངས་ཀྱི་ཆེད་ལས་ཕྱོགས་སྟོན་དང་ཉམས་མྱོང་གླེང་ཞིང་། ཁོ་ཚོས་རང་སོ་སོའི་ཁྱབ་ཁོངས་ཀྱི་མིག་དཔེ་དང་བོད་ཁུལ་དཔལ་འབྱོར་ཐད་ཀྱི་ཡར་སྐུལ་ཤན་ཤུགས་ནུས་པས་ཐེངས་འདིའི་བགྲོ་གླེང་གི་ཆེད་ལས་རང་བཞིན་ཁག་ཐེག་བྱས་པ་དང་། བོད་ཁུལ་དཔལ་འབྱོར་གོང་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།


མཉམ་པར།

     ཆེད་མཁས་པས་ཆེད་ཁྲིད་དང་། གསོ་སྦྱོང་། ཁག་དབྱེའི་བགྲོ་གླེང་། རང་དབང་གཏམ་བཤད། ཐོན་རྫས་འགྲེམ་ཚོང་སོགས་རྣམ་པར་བརྒྱུད་དེ་ཚོགས་ཞུགས་མི་སྣ་དབར་ཕན་ཚུན་འབྲེལ་འདྲིས་ལེགས་པོ་བྱས། ཚོགས་ཞུགས་མཉམ་སྒྲུབ་ཚོང་ལས་ཁང་དང་ཁེ་ལས་ཚང་མར་མཐུན་མིན་གྱི་འཕེལ་རྒྱས་དུས་སྐབས་སུ་གནས་ཤིང་། བགྲོ་གླེང་འདིར་བརྒྱུད་དེ་རང་ཉིད་ལ་འཕྲད་སྲིད་པའི་གནད་དོན་ལ་ལན་སློག་པ་མ་ཟད། འདིའི་ཁྲོད་ནས་ཉམས་མྱོང་དང་ཚོང་ལས་རྣམ་པ་སློབ་སྦྱོང་བྱེད་པ་ཡིན།
      བགྲོ་གླེང་འདི་རྒྱུན་རིང་བའི་ཆེད་དུ། གྲོས་བསྡུར་སྒོས་བགྲོ་གླེང་སྐབས་ལྔ་བ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྤེལ་རྒྱུར་ཐག་བཅད་པ་མ་ཟད། 2018ལོའི་བགྲོ་གླེང་གི་རྩ་འཛུགས་པ་དང་གཙོ་སྒྲུབ་པ་བདམས།


འབྲེལ་ཡོད་འོས་སྦྱོར།