ཁུལ་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་བསྡུས་པ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-02-28
ཀློག་གྲངས།:

ཁུལ་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་བསྡུས་པ།
སྤྱི་ཟླ2པའི་ཚེས24ཉིན། མཚོ་ལྷོ་ཁུལ་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་བསྡུས། མཚོ་ལྷོ་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་རྡོ་རྗེས་ཚོགས་འདུར་མགོ་འཛིན་བྱས་ཤིང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཅིན་ཡོའུ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་། མཚོ་ལྷོ་ཁུལ་གྱི་རྫོང་ཁག་སོ་སོའི་གཙོ་གཉེར་རྫོང་དཔོན་གཞོན་པ། འཕེལ་སྒྱུར་ཚོང་དོན་ཅུའུ། ཚོང་འགུག་ཅུའུ། མཁོ་སྤྲོད་མཉམ་ལས་ཁང་གི་འགན་འཁུར་བ། མཚོ་ལྷོ་ཁུལ་རིམ་པའི་དངུལ་རྩའི་སྡེ་ཁག་དང་རྒྱལ་དབང་ཁེ་ལས། གཙོ་གནད་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་དང་མཚོ་ལྷོ་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་དང་ལས་སྒོ་ཁའོ་ཡི་འགན་འཁུར་བ་སོགས་མི113ཚོགས་འདུར་ཞུགས་ཤིང་། གཞན་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གློག་རྡུལ་ཚོང་དོན་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ལི་ཡང་གདན་ཞུ་གནང་ཡོད་པ་རེད།

2017ལོའི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་བྱ་བའི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་བཞིན་པ།
ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བ་དང་རྒྱལ་ཡོངས་བཟོ་ལས་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རིན་ཚུའེ་ཡུང་གིས་བྱ་བའི་སྙན་ཞུ་ཕུལ། གསེར་ཆེན་རྫོང་སྲིད་གཞུང་དང་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་སོགས་སྡེ་ཁག16ལ་2016ལོའི་མཚོ་ལྷོ་ཁུལ་གྱི་བཟོ་ལས་འཁོར་སྐྱོད་དང་ཉོ་ཚོང་འཁོར་རྒྱུག “ཅན་གཉིས”མཉམ་འདྲེས་སོགས་སྔོན་ཐོན་ས་ཁུལ་དང་ལས་ཁུངས་ལ་བདམས་ཤིང་གཟེངས་རྟགས་གནང་། ཧྲི་ཅིན་ཡོའུ་ཡིས་མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཚབ་བྱས་ནས་རྫོང་ཁག་ལྔའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་མཉམ་དུ2017ལོའི་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་བྱ་བའི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད།

གཟེངས་རྟགས་ཐོབ་པའི་ལས་ཁུངས་དང་སྡེ་ཁག
ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་ལ་ཐེངས་འདིར2016ལོའི“ཅན་གཉིས”མཉམ་འདྲེས་སྔོན་ཐོན་ཁེ་ལས་ཀྱི་མཚན་སྙན་གནང་ཞིང་། གྲུབ་འབྲས་གཙོ་བོ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་ལེགས་འགྲུབ་བྱུང་བས་ཡིན། ཀུང་སི་འདི་ཉིད2013ལོའི་ཟླ3པར་དངོས་སུ་བཙུགས་ཤིང་། འདིས“ལྷག་བསམ། གསར་གཏོད། ཕུགས་འདུན”གཉེར་སྐྱོང་འདུ་ཤེས་སུ་བཟུང་ནས། མིག་སྔར་མཚོ་སྔོན་པོ་བོད་རྒྱ་དྲ་བ་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དྲ་ཚིགས་ཆེན་པོ་གཉིས་གཉེར་བཞིན་ཡོད་ལ། གཙོ་བོ་བོད་ཡིག་མཉེན་ཆས་དང་བོད་རྒྱ་ཤན་སྦྱར་མཉེན་ཆས་གསར་སྤེལ། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཚིགས་ཞབས་ཞུ། བོད་ཡིག་གྲངས་མཛོད་ཆེན་མོ་འཛུགས་སྐྲུན་དང་དོ་དམ། བོད་ཡིག་ཐོན་རྫས་ཀྱི་དྲ་རྒྱའི་དྲིལ་སྒྲོག་དང་གཉེར་འཚོང་། རྩིས་འཁོར་དྲ་རྒྱའི་ཇུས་འགོད་ཞབས་ཞུ་སོགས་ཀྱི་ལས་ལ་བཞིན་ཡོད།