logo

མཚོ་ལྷོ་ཁུལ་གྱིས་ད་ལོར་དམངས་ཕན་སྲིད་ཇུས་དོན་ཚན20ལག་བསྟར་བྱ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2017-01-11 ཀློག་གྲངས།:
     མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ།  ཆེས་ཐད་ཀར་དང་ཆེས་དོན་དངོས་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཆེད།  2017ལོར།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་མང་ཚོགས་ལ་ཡིད་ཚིམས་པར་བྱེད་པ།  མང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་བྱེད་པའི་སྤྱིའི་དམིགས་འབེན་ཆ་རྐྱེན་དུ་བཟུང་ནས།  ཕྱོགས་བསྡུས་མ་དངུལ་སྒོར་དུང་ཕྱུར50བཏང་ནས།  མུ་མཐུད་དུ་རོང་འབྲོག་ས་ཁུལ་གྱི་ཆུ་གློག་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆོས་ལེགས་བསྒྱུར་དང་སློབ་མ་སློབ་གྲྭར་ཞུགས་པ་དང་ལས་ཞུགས།  སྡོད་ཁང་བཅས་ཀྱི་དཀའ་གནད་ཐག་གཅོད།  སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན།  དབུལ་སྐྱོར་དར་སྤེལ།  ལས་བཏོད་ཡོང་འཕར་སོགས་དམངས་ཕན་སྲིད་ཇུས་དོན་ཚན20ལག་བསྟར་བྱ་རྒྱུ་རེད།
1.མ་དངུལ་སྒོར་དུང་ཕྱུར4.5ཧྲག་བསྡུ་བྱས་ནས་མཁར་ཤང་གཅིག་བསྡུས་ཅན་དུ་གཏོང་བ།
     མཐོ་སྒང་མཛེས་པའི་ཤང་སྡེ30འཛུགས་སྐྲུན་བྱ་རྒྱུ་དང་རོང་འབྲོག་ཁྱིམ7000གྱི་ཉེན་ཁ་ཅན་གྱི་ཁང་བ་བསྐྱར་ལས་དང་།  རོང་འབྲོག་ས་ཁུལ་གྱི་སྡོད་ཁང་།  སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལེགས་བཅོས།  མུ་མཐུད་དུ་མཁར་ཤང་གཅིག་བསྡུས་སུ་གཏོང་བར་སྐུལ་འདེད་གཏོང་བ།
2.མ་དངུལ་སྒོར་དུང་ཕྱུར5.2ཧྲག་བསྡུ་བྱས་ནས་འཐུང་ཆུ་བདེ་འཇགས་སྲ་བརྟན་དུ་གཏོང་བ།
     འཐུང་ཆུ་བདེ་འཇགས་སྲ་བརྟན་དང་རྨ་ཆུའི་ཆུ་ལོག་སྔོན་འགོག  ཆུ་ཁོངས་འཛུགས་སྐྲུན།  གྲོན་ཆུང་།  ཆུ་འདྲེན་སོགས་ཆུ་བེད་བཟོ་སྐྲུན་ལག་བསྟར་དང་ཞིང་ས་མུའུ་ཁྲི2.5ལ་ཆུ་འདྲེན་པའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ།  ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི1.5ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོག་བྱེད་པ།
3.ནོར་སྲིད་ཆེད་སྤྱོད་ཀྱི་དབུལ་ཕོངས་མ་དངུལ་བརྩོན་ལེན་བྱེད་པ།
     མ་དངུལ་སྒོར་དུང་ཕྱུར2.75བརྩོན་ལེན་བྱས་ཏེ།  གཙོ་བོ་དབུལ་ཕོངས་སྡེ་བ་དང་གཞན་དབུལ་ཕོངས་མིན་པའི་སྡེ་བའི་ཁྱིམ་ཚང1273ཡི་མི4191གི་ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ཁྱིམ་ཚང1000གནས་སྤོར་བྱས་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་ལས་གཞི་ལག་བསྟར་བྱས་ནས།  ལོ་འདིའི་ནང་དབུལཕོངས་མི་གྲངས་ཁྲི1ཇེ་ཉུང་དུ་གཏོང་བར་བརྩོན་ལེན་བྱས་ཏེ།  དབུལ་ཕོངས་སྡེ་བ35དབུལ་ཐར་བྱེད་པ་མངོན་འགྱུར་བྱེད་པ།
4.གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་བརྩོན་ལེན་བྱེད་པ།
     ལས་གཞི་ལ་སྤྱི་ཚོགས་ཡོངས་ནས་མ་དངུལ་སྒོར་དུང་ཕྱུར10བརྩོན་ལེན་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱ་རྒྱུ་དང་།  དེའི་ནང་མ་དངུལ་སྒོར་དུང་ཕྱུར2སྤྱད་དེ་དབུལ་ཕོངས་སྡེ་བའི་གཞུང་ལམ་ཤར་གཏོང་དང་སྐྱེལ་འདྲེན་གཞུང་ལམ་ས་ཚིགས་ལས་བ་དང་།ཡུལ་སྐོར་གཞུང་ལམ།  རྫོང་ནས་ཤང་བར་གྱི་གཞུང་ལམ་བསྐྱར་བཟོ་བྱེད་པ་སོགས་ལས་རིགས55ཡི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ།
5.ཚད་གཞི་མཐོ་བའི་ས་ཞིང་ཐད་མ་དངུལ་སྒོར་ཁྲི6625གཏོང་བ།
     ཆོས་རྗེ།  མང་ར།  དཔལ་ཁ་སོགས་ས་ཁུལ་གྱི་ས་ཁོངས་དར་སྤེལ་དང་ཚད་གཞི་མཐོ་བའི་ཡུར་ཆུ་གཙང་བཤེར་ལས་གཞི་ལག་བསྟར་དང་།  གསར་སྣོན་ས་ཞིང་སྤྱི་ཆིང468.17མངོན་འགྱུར་བྱེད་པ།
6.ཕྱུགས་འགོག་རྩྭ་གསོ་ཐད་མ་དངུལ་སྒོར་ཁྲི5600གཏོང་བ།
     ས་མུའུ་ཁྲི130ལ་ཕྱུགས་འགོག་རྩྭ་གསོ་བྱ་རྒྱུ་དང་།  ས་མུའུ་ཁྲི2ཀྱི་ཞན་འགྱུར་རྩྭ་ས་ལེགས་བཅོས་དང་མ་དངུལ་སྒོར་ཁྲི1500བཏང་སྟེ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ30འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ།  མ་དངུལ་སྒོར་ཁྲི1500བཏང་སྟེ།  ཁྱིམ་ཚང་ཞིང་ཕྱུགས་ལས་ར་བ་དང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང50ལས་བར་རོགས་སྐྱོར་བྱེད་པ།  ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང10དང་ཁུལ་རིམ་པའི་མཉམ་ལས་ཁང20གསར་འཛུགས་བྱ་རྒྱུ།  མ་དངུལ་སྒོར་ཁྲི2500བཏང་སྟེ།  རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་དཔེ་སྟོན་མཉམ་ལས་ཁང10དང་བོད་ལུག་དང་ནོར་ནག་གི་ཕན་མཐོའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང10ལ་རོགས་སྐྱོར་བྱ་རྒྱུ་རེད།
7.ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི7523.6གཏོང་བ།
     ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་གཞི9ལག་བསྟར་བྱེད་རྒྱུ་དང་།  ཚད་མཐོའི་དཔེ་སྟོན་ཞིང་ས་མུའུ་ཁྲི2.2འཛུགས་སྐྲུན་བྱེད་པ།  རྩྭ་ས་མུའུ་ཁྲི18ལེགས་བཅོས་དང་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ས་མུའུ5000འཛུགས་སྐྲུན་བྱ་རྒྱུ།
8.རི་བཀག་ནགས་གསོ་ཐད་མ་དངུལ་སྒོར་དུང་ཕྱུར1.18གཏོང་བ།
     ས་མུའུ་ཁྲི5རི་བཀག་ནགས་གསོ་དང་།  ས་མུའུ་ཁྲི10.14མིའི་བཟོས་ནགས་ཚུལ།སྡེ་བའི་ལྗང་འགྱུར་གནས20།  ས་མུའུ་ཁྲི11.8ཀྱི་བྱེ་འགོག་རྩྭ་གསོ་དང་ས་མུའུ་ཁྲི19.72ཀྱི་ས་ནག་ཐང་བཅོས་སྐྱོང་ལག་བསྟར་བྱས་ནས།  ཁུལ་ཡོངས་ཀྱི་རྩྭ་ཐང་དང་ནགས་ལས་ཀྱི་སྐྱེ་དངོས་གནོད་འབུ་སྔོན་འགོག་དང་སྡོང་ཕྲུག་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ།
9.སྐྱེ་ཁམས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི1200.59གཏོང་བ།
   ཀོས་ནན་དང་ཞིན་ཧེ་རྫོང་གཉིས་ཀྱིས་མཐོ་སྒང་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་གི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ་དང་།  ཞིང་ལས་ཚན་རྩལ་དཔེ་སྟོན་འཛུགས་སྐྲུན་དང་ལྡུམ་རའི་ལག་རྩལ་གྱི་སྒྲིག་ཆས་དང་ཚན་རྩལ་དྲིལ་བསྒྲགས།  བདེ་ཐང་སྤྲོ་གསེང་།བཟའ་བཏུང་ཉོ་སྒྲུབ།  རིག་གནས་ཡུལ་སྐོར་འཛོམས་པའི་མཐོ་སྒང་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་འཛུགས་སྐྲུན་བྱ་རྒྱུ།
10.སློབ་གསོའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི5089.8གཏོང་བ།
     འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ9ལ“ཁྱོན་ཡོངས་ནས་སློབ་ཁྲིད་ལེགས་བཅོས”ལས་གཞི་ལག་བསྟར་བྱ་རྒྱུ་དང་།  མ་དངུལ་སྒོར་ཁྲི5772བཏང་སྟེ།བཅའ་སྡོད་ལུགས་ཀྱི་སློབ་གྲྭ6ལ་བོད་ཁུལ་གྱི་ལས་གཞི་བཟོ་འགོད་ལག་བསྟར་བྱ་རྒྱུ།  མ་དངུལ་སྒོར་ཁྲི6135བཏང་སྟེ།ཆ་རྐྱེན་ཞན་པའི་མཐོ་འབྲིང2ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ།  མ་དངུལ་སྒོར་ཁྲི3908བཏང་སྟེ།  བུ་བཅོལ་ཁང23གསར་སྐྲུན་དང་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ།  མ་དངུལ་སྒོར་ཁྲི1491བཏང་སྟེ།  དགེ་རྒན5ཡི་སྡོད་ཁང་གི་ལས་གཞི་ལེགས་བསྟར་བྱ་རྒྱུ།  མ་དངུལ་སྒོར་ཁྲི550དངོས་འབེམས་བྱས་ཏེ།  མུ་མཐུད་དུ་གཞན་ཡུལ་ནས་སློབ་སྒྲུབ་བྱ་བ་ལེགས་སྒྲུབ་བྱ་རྒྱུ།  སློབ་མ80ཅང་སུའུ་ཡི"མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭར"བསྐྱལ་ནས་སྤུས་ལེགས་སློབ་གསོ་མྱུང་དུ་འཇུག་རྒྱུ་དང་།ལས་རིགས་སློབ་གསོའི་སློབ་སྒྲུབ་མ་དཔེ་འཐུས་ཚང་དུ་བཏང་བ་དང་།  གཞན་ཡུལ་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་མ200ལྷག་བསྡུ་བ་ལེགས་འགྲུབ་བྱ་རྒྱུ།
11.རིག་གནས་སྒྲིག་ཆས་ཐད་མ་དངུལ་སྒོར་ཁྲི443གཏོང་བ།
     ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང23འཛུགས་སྐྲུན་ལེགས་འགྲུབ་འབྱུང་བ་དང་།  དེ་ལ་ད་དུང་རིག་གནས་སྒྲིག་བཀོད་སྒྲིག་ཆས་མཁོ་སྤྲོད་བྱེད་པ།  མ་དངུལ་སྒོར་ཁྲི250བཏང་སྟེ།  ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ།སྡོད་ཁུལ།  དགོན་པ།སྲིད་འཛིན་སྡེ་བ་ཁ་ཤས་ལ་བདེ་ཐང་ཡོ་བྱད་སྒྲིག་ཆས50བཀོད་སྒྲིག་བྱ་རྒྱུ།
12.སྤྱི་བའི་ཞབས་ཞུ་ཐད་མ་དངུལ་སྒོར་ཁྲི3392དངོས་འབེབས་བྱེད་པ།
     གཞི་རྩའི་སྤྱི་བའི་ཞབས་ཕྱི་དང་འགོ་ནད་ལས་ཐར་བའི་འཆར་འགོད་དང་།  འགོ་ནད་སྔོན་འགོགདལ་བའི་ནད་ཀྱི་སྔོན་འགོག་སོགས་སྤྱི་བའི་ཞབས་ཕྱི་སྤེལ་བ་དང་།  ཁུལ་དང་རྫོང་།  ཤང་སྡེའི་རིམ་པ་བཞི་བའི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་འཐུས་ཚང་ལམ་ལུགས་དོན་འཁྱོལ་བྱས་ཏེ།  མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་སྒོར་ཁྲི1829ཡི་ཇེ་ཡངས་སུ་གཏོང་བ།  མ་དངུལ་སྒོར་ཁྲི488དོན་འཁྱོལ་བྱས་ཏེ།  ཁུལ་ཡོངས་ཀྱི་ལོ60ཡན་གྱི་རྒན་པའི་བདེ་ཐང་བརྟག་དཔྱད་དང་ནད་གཞིའི་ཉེན་ཁར་ཞིབ་བཤེར་བྱེད་པ།  འཆར་ལྡན་བུ་སྐྱེ་དོན་འཁྱོལ་བྱས་ཏེ།  ཆབ་སྲིད་བྱ་དགའི་མ་དངུལ་སྒོར་ཁྲི834ཡི་ཕན་ཁེ་ཐོབ་པར་བྱེད་པ།
13.ལས་ཞུགས་དང་བསྐྱར་མའི་ལས་ཞུགས་ལ་མ་དངུལ་གཏོང་བ།
     མ་དངུལ་སྒོར་ཁྲི5200དངོས་འབེབས་བྱས་ཏེ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས3700ལ་འཕར་དགོས་པ་དང་།  གཞུང་ཞབས་པ་དང་ལས་དོན་སྡེ་ཁག་གིས་མི190བསྡུ་ལེན་དང་།  ཞིང་ཕྱུགས་ལས་ངལ་རྩོལ་ནུས་ཤུགས་ཀྱི་མི་གྲངས་ཁྲི5.5སྤོ་སྐྱོད་ལས་ཞུགས་བྱས་ཏེ།   ངལ་ལས་ཡོང་འབབ་སྒོར་དུང་ཕྱུར3.3མངོན་འགྱུར་བྱེད་པ།
14.གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པ།
     ཀྲུང་དབྱང་དང་ཞིང་ཆེན།  ཁུལ་གྱི་ནོར་སྲིད་ཀྱི་སྐྱེད་ཀའི་སྐྱི་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས་ཏེ།  བུད་མེད་ཀྱི་བྱ་གཞག་གསར་གཏོད་ལ་སྐྱེད་ཀ་དམའ་བའི་སྐྱི་དངུལ་སྒོར་ཁྲི300བཏང་སྟེ།  རྒྱ་ཆེའི་བུད་མེད་ཀྱི་རང་བདག་བྱ་གཞག་དང་ཡོང་སྒོ་འཕར་སྣོན་ལ་རོགས་སྐྱོར་བྱེད་པ།
15.ཞིང་སྡེ་ཁོར་ཡུག་ལེགས་བཅོས་ཐད་མ་དངུལ་སྒོར་ཁྲི2000གཏོང་བ།
     ཞིང་སྡེའི་ཁོར་ཡུག་སྒྲིག་བཅོས་ལག་བསྟར་བྱེད་པ་དང་།  ཁྱིམ་ཚང་ལ་གད་སྙིགས་སྒམ་དང་རླངས་འཁོར་སྙིགས་སྒམ།  གད་སྙིགས་སྐྱེལ་འདྲེན་གྱི་རླངས་འཁོར།  གཙང་བཟོ་ཡོ་བྱད་བཅས་མཁོ་སྤྲོད་བྱས་ཏེ།  རྒྱུན་ཆད་མེད་པར་ཞིང་ཕྱུགས་ལས་ས་ཁུལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་ཆས་དང་།  ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་།  ཧུར་ཐག་གིས་ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་གད་སྙིགས་སྡུད་རུབ་དང་།  བརྒྱུད་འདྲེན།  བྱ་བ་ཐག་གཅོད་བྱེད་པར་སྐུལ་འདེད་བཅས་བྱས་ཏེ།  མུ་མཐུད་དུ་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་གཏོང་བ།
16."མཐོ་སྒང་གི་མཛེས་པའི་ཞིང་སྡེ"འཛུགས་སྐྲུན་ཐད་རོགས་དངུལ་གཏོང་བ།
     སྒོར་ཁྲི3500དངོས་འབེབས་བྱས་ཏེ།  ཁུལ་ཡོངས་ཀྱི་རྫོང་སོ་སོས"མཐོ་སྒང་གི་མཛེས་པའི་ཞིང་སྡེ"འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱས་ནས།  འཛུགས་སྐྲུན་རོགས་དངུལ་སྒོར་ཁྲི5170དངོས་འབེབས་བྱས་ནས།  ཐུན་ཏེ་རྫོང་གི་རྐ་རྒན་ཆུ་མཛོད་དང་ཞིན་ཧེ་རྫོང་མཁར་གྱི་ཆུ་མཁོ་འདོན་བྱེད་པའི་སྦུབ་ལམ་ལེགས་བཅོས་དང་ཀོས་ནན་རྫོང་གི་བྱེ་སྣའི་བྱེ་མ་འགོག་བཅོས་སོགས་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པ།
17.དྲ་བའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི2082གཏོང་བ།
     ཀྲའོ800ཅན་གྱི་དྲ་བའི་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ་དང་།  དྲ་ཚུགས225འཛུགས་རྒྱུ་དང་།  མ་དངུལ་སྒོར་ཁྲི1404བཏང་ནས།  ཞིང་སྡེ་དྲ་བའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས།  ཤང་དང་གྲོང་བརྡལ་ཁ་ཤས་ལ50Mཅན་གྱི་དྲ་ལམ་འདོན་སྤྲོད་བྱེད་རྒྱུ་དང་སྡེ་བ་དང་ས་ཁུལ་ཁ་ཤས་ལ20Mཅན་གྱི་དྲ་ལམ་འདོན་སྤྲོད་བྱེད་རྒྱུ་ཡིན།  མ་དངུལ་སྒོར་ཁྲི550བཏང་ནས་སྲིད་ཁེ་ཆེད་སྤྱོད་དྲ་བ་འཛུགས་སྐྲུན་དང་འཕྲིན་གསར་ཅན་གྱི་བཟོ་འགོད་ལག་བསྟར་བྱེད་པ།
18.སྐྱེ་ཁམས་གནས་སྤོར་ཐད་མ་དངུལ་སྒོར་དུང་ཕྱུར1.13གཏོང་བ།
     ཁུལ་ཡོངས་ཀྱི་སྐྱེ་ཁམས་གནས་སྤོར་སྡོད་དམངས་སྡེ་བའི་གཏན་སྡོད་བྱེད་སར་གློག་འཐེན་པ་དང་སྐུད་ལམ་ལེགས་བཅོས།  ཤོངས་ཚད་ཆེ་བའི་བཟོ་འགོད་ལས་གཞི48ལག་བསྟར་བྱེད་པ།  ཆན་ཧྥུ་སྐུད་ལམ598.6KMགསར་འཛུགས་ལེགས་བཅོས་བྱེད་རྒྱུ་དང་།  འགྱུར་སྟེགས156གསར་འཛུགས་དང་ཤོངས་ཚད་ཀྲའོ་ཧྥུ་ཨན18.86གསར་སྣོན་བྱས་ནས།  རོང་འབྲོག་ཁྱིམ་ཚང6297ཡིས་གློག་བཀོལ་ཐུབ་པ་ཐག་གཅོད་བྱེད་པ།
19.ཡུལ་སྐོར་གནས་ལེན་ཐད་མ་དངུལ་སྒོར་ཁྲི3200གཏོང་བ།
     ཡུལ་སྐོར་ཁུལ་གཙོ་བོ་དང་ཞིང་སྡེ་ཡུལ་སྐོར་ཁུལ་གཙོ་བོའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས།  ཁྲི་ཀའི་མ་ནི་ཐང་ཆེན་གྱི་གྲུ་ལམ་དང་དེར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ།  ཡུལ་སྐོར་ཁུལ་དུ་སྤྱོད་ཁང12ལས་རྒྱུ་དང་ཞིང་སྡེ་ཡུལ་སྐོར་སྣེ་ལེན་ས་ཚུགས20འཛུགས་སྐྲུན་བྱེད་རྒྱུ།  ཡུལ་སྐོར་མགྲོན་ཁང9འཛུགས་སྐྲུན་བྱེད་རྒྱུ་རེད།  ཡུལ་སྐོར་དང་ཚོང་གཉེར་མཉམ་ལས་ལ་ཤུགས་བསྣན་ནས།  ཡུལ་སྐོར་གྲགས་ཅན་གྱི་སྐུད་ལམ་བསྐྲུན་ནས།  རོང་འབྲོག་ཚོང་གཉེར་བར་སྒོར་དུང་ཕྱུར1གི་ཡོང་སྒོ་འཕར་བར་སྐུལ་འཁྲིད་བྱེད་པ།
20.དངུལ་ལོར་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཞིང་ལས་ཐད་རོགས་སྐྱོར་བྱེད་པ།
     ཞིང་ལས་ཐད་རོགས་སྐྱོར་བྱེད་པའི་བསྐྱི་དངུལ་སྒོར་དུང་ཕྱུར10ཡན་བཏང་ནས།  རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཐད་མ་དངུལ་མཁོ་བར་འདོན་སྤྲོད་བྱེད་པ་དང་།དབུལ་སྐྱོར་ཡང་བསྐྱར་བསྐྱི་དངུལ་ཐད་ལ་སྒོར་དུང་ཕྱུར7བཏང་ནས།  ས་གནས་དངུལ་ལོར་སྡེ་ཁག་གིས་སྤེལ་བའི་དབུལ་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་།  མ་དངུལ་སྒོར་ཁྲི30བཏང་ནས་མུ་མཐུད་དུ་ཞིང་ཕན་ཞབས་འདེགས་ས་ཚིགས་འཛུགས་པར་སྐུལ་འདེད་བྱས་ནས།  དངུལ་ལོར་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ཕན་དངུལ་ལོར་ཞབས་འདེགས་མ་ལག་འཐུས་ཚང་དུ་གཏོང་བ།


འབྲེལ་ཡོད་འོས་སྦྱོར།