ཟི་ལིང་བོད་མིའི་ཁྲོམ་གྱི་སྒོ་འབྱེད་མཛད་སྒོ་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་ཁྲོམ་དུ་སྤེལ།
ཟི་ལིང་བོད་མིའི་ཁྲོམ་གྱི་སྒོ་འབྱེད་མཛད་སྒོ་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་ཁྲོམ་དུ་སྤེལ།
བཀྲ་ཤིས་ཤོག་སྦག་གི་འཇའ་ཚོན།
བོད་ལྭ་སྣ་ཚོགས།
ས་གདན་དང་འདོགས་ཆས་སྣ་ཚོགས།
ཟི་ལིང་བོད་མིའི་ཁྲོམ་གྱི་ཚོང་བ་དག
སྤྱི་ཟླ6པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། ཟི་ལིང་གྲོང་ཁྱེར་ཧུའུ་ཀྲུའུ་ལམ་གྱི་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་ཁྲོམ་དུ་གསར་དུ་གནས་སྤོ་བྱས་པའི་ཟི་ལིང་བོད་མིའི་ཁྲོམ་གྱི་སྒོ་འབྱེད་མཛད་སྒོ་སྤེལ།
ཟི་ལིང་བོད་མིའི་ཁྲོམ་ནི་སྔོན་ཆད་ཟི་ལིང་མེ་འཁོར་འབབ་ཚིགས་དང་རླངས་འཁོར་འབབ་ཚིགས་ཀྱི་ཁ་གཏད་དུ། ཟ་ཁང་དང་མི་རིགས་མཁོ་ཆས་ཚོང་ཁང་འགའ་རྨང་གཞི་བྱས་ཏེ་རིམ་བཞིན་རྒྱ་བསྐྱེད་དེ་གྲུབ་པ་ཞིག་ཡིན་ལ། རྗེས་སུ་མཁར་གྲོང་འཛུགས་སྐྲུན་བྱེད་པ་བསྟུན་ཧུའུ་ཀྲུའུ་ལམ་གྱི་ནུབ་རྒྱུད་ཚོང་ར་ཆེན་མོར་གནས་སྤར་མོད། སྤྱི་ཚོགས་དང་ཚོང་ལས་ཀྱི་འཕེལ་རྒྱས་ཧ་ཅང་མགྱོགས་ལ། བོད་ཀྱི་ཚོང་བའམ་ཚོང་ལས་ལ་ཞུགས་མཁན་གྱི་དཔུང་སྡེ་ཇེ་མང་དུ་སོང་ཞིང་། ནུབ་ཁུལ་ཆེན་མོའི་ཚོང་ར་གཞི་རྒྱ་ཆུང་བ་སོགས་ཀྱི་རྐྱེན་བོད་ཀྱི་ཚོང་སྡེའི་དགོས་མཁོ་སྐོང་མ་ཐུབ་པས། གཞི་རྒྱ་ཆེ་ལ་ས་བབ་ཆེས་ལེགས་པའི་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་རར་གནས་སྤར་བྱས། ད་ལྟ་སྒོ་ཕྱེ་ཟིན་པའི་ཚོང་ཁང་དྲུག་ཅུ་ཡོད་ལ་ཚོང་ཁང་དག་ཏུ་བོད་ཀྱི་ཐོན་རྫས་སྣ་ཚོགས་ཀྱིས་སྤུད་ཅིང་། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ལ། ཚོང་རྫས་སྤུས་དག་གིས་རབ་ཏུ་བརྒྱན་ཞིང་། སྙན་འཇེབས་བོད་དབྱངས་ཀྱིས་སྒྲ་འཛིན་ཟིམ་པས། གཞི་རྒྱ་ཆེ་ལ་རྣམ་པ་གསར་བ། འགྲིམ་འགྲུལ་སྟབས་བདེ་བའི་ཟི་ལིང་བོད་མིའི་ཁྲོམ་གསར་འདི་རུ་བོད་རིགས་གཙོ་བྱས་འཛད་སྤྱོད་པ་དག་སྔ་དྲོ་ནས་འདུས་ཤིང་། དགོས་འདོད་ཀྱི་ཚོང་རྫས་ཉོ་ཞིང་མཚར་སྣང་གི་ཚོང་རྫས་དག་ལ་རོལ་མྱོང་བྱེད་བཞིན་འདུག
ཚོང་བ་དོན་གྲུབ་ཀྱིས་བཤད་རྒྱུར། ནུབ་རྒྱུད་ཚོང་ར་ཆེན་མོ་གཞི་རྒྱ་ཆུང་བའི་སྟབས་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་ར་ཆེན་མོར་གནས་སྤོར་བྱེད་དགོས་སོང་། ལྷག་པར་ཐའེ་ཡཱང་རྒྱལ་སྤྱིའི་ཚོང་ར་ཆེན་མོ་ནི་མེ་འཁོར་དང་རླངས་འཁོར་འབབ་ཚིགས་དང་ཐག་ཀྱང་ཉེ་ལ། ཟི་ལིང་ཚོང་རྫས་ཆུང་བའང་གནས་འདིར་ཡོད་ཅིང་། མི་ཚོགས་ཀྱང་ཧ་ཅང་འདུས་པ་སོགས་ཀྱི་མཐུན་རྐྱེན་ཀུན་འཛོམས་ཤིག་ཡིན་ཞིང་། ཚོང་རྫས་ཉོ་འཚོང་བྱེད་པར་ཤིན་ཏུ་སྟབས་བདེ་སྟབས་ད་ལྟ་ཚོང་བ་དྲུག་ཅུ་གནས་འདིར་གནས་སྤར་བ་ཡིན། ད་ལྟ་བོད་མིའི་ཁྲོམ་དུ་ནང་བསྟན་ལྷ་སྐུ་ཐང་ག་མཆོད་ཆས་སྣ་ཚོགས་དང་། མདོ་དབུས་ཁམས་གསུམ་གྱི་གྱོན་ཆས་འདོགས་ཆས་སྣ་ཚོགས། མི་རིགས་ཁྱད་ཐོན་ཐོན་རྫས་སྨན་རྩྭ་སྣ་མང་། བོད་ཡིག་གི་དཔེ་ཆ་སྣ་ཚོགས། པར་རིས་བཟོ་བསྐྲུན། དེ་བཞིན་མི་རིགས་ཀྱི་རྒྱུན་སྤྱོད་མཁོ་ཆས་སྣ་ཚོགས་སོགས་ཀུན་འཛོམས་ཡིན་པས་འཛད་སྤྱོད་པ་དག་གིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་ལ། ཉོ་མཁན་འཛད་སྤྱོད་པ་བོད་མི་ལས་གཞན་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་འཛད་སྤྱོད་པའང་ཤིན་ཏུ་མང་པོ་ཞིག་འདུག
ཟི་ལིང་བོད་མིའི་ཁྲོམ་གྱི་ཚོང་བ་དག་ནི་ལོ་དུ་མའི་རིང་ཟི་ལིང་གྲོང་ཁྱེར་དུ་ཚོང་གཉེར་བྱས་ཏེ་བསྡད་པ་ཡིན་པས་ཟི་ལིང་མཁར་དུ་ཆ་རྒྱུས་ཅུང་ཆེ། དེ་བས་བོད་མི་དག་ཟི་ལིང་མཁར་དུ་ཡོང་ནས་དཀའ་ཁག་ཏུ་འཕྲད་ཚེ་ཟི་ལིང་བོད་མིའི་ཁྲོམ་གྱི་ཚོང་བ་དག་ལ་འབྲེལ་གཏུག་བྱས་ན་གང་ནུས་ཅི་ཐུབ་ཀྱིས་རོགས་སྒྲུབ་བྱེད་པའི་འགན་དང་བླངས་བྱས་ཡོད་ཟེར།
ཚོང་ལས་འཕེལ་རྒྱས་དང་ཚོང་བའི་དཔུང་སྡེ་གསར་ཞུགས་ཀྱི་ཐད་ནས་ཁོང་གིས་བཤད་རྒྱུར། ཁོ་རང་ཉིད་ཟི་ལིང་གྲོང་ཁྱེར་ནས་ལོ་ངོ་བཅུ་དྲུག་ལ་ཚོང་གཉེར་བྱས་པ་ཡིན་ལ། སྔོན་ཆད་བོད་ཀྱི་ཚོང་བ་ཉུང་མོད་ད་ལྟ་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ལྷག་པར་སློབ་ཆེན་སློབ་མ་དག་ཚོང་ལས་ལ་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེང་གི་སློབ་ཆེན་སློབ་མ་དག་གི་ཚོང་ལས་གཉེར་སྟངས་སྲོལ་རྒྱུན་དང་མི་འདྲ་བར་ཚོང་ཁང་དུ་ཚོང་གཉེར་བྱེད་པ་ལས་གཞན། དྲ་ཐོག་ནས་ཚོང་གཉེར་བྱེད་བཞིན་འདུག་པས་ཚོང་ལམ་གསར་འབྱེད་སྟེང་ནས་ངེད་ཅག་སྲོལ་རྒྱུན་ཚོང་བ་དག་ལའང་མཐོང་ལམ་གསར་བ་ཞིག་བྱིན་སོང་། དེ་བཞིན་ད་ལྟ་ཡོད་པའི་ཚོང་ཁང་དང་ཚོང་རྫས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཐོན་རྫས་ཁྱད་ཆོས་ཅུང་ཆེ་བས། བོད་མི་དམངས་ཀྱི་འདོད་བློ་ཡོངས་སུ་བསྐང་ཐུབ་མེད། དེ་བས་ཟི་ལིང་བོད་མིའི་ཁྲོམ་དུ་གསར་ཞུགས་མཁན་ཡོད་ཚེ་ཐོན་རྫས་གསར་བ་དང་ཐོན་རྫས་ཆུང་བ་སོགས་ཀྱི་ཐད་ནས་སྒོ་འབྱེད་བྱས་ཚེ་མང་ཚོགས་ཀྱི་འདོད་བློ་བསྐང་ཐུབ་ལ། རང་ཉིད་ཀྱི་ཚོང་ལམ་ཡང་ཡངས་པར་བསམ་ཟེར།
མི་རིགས་ཚོང་ལས་ནི་མི་རིགས་རིག་གནས་ཀྱི་མངོན་སྟངས་ཤིག་དང་། མི་རིགས་རིག་གནས་ཕྱི་ཕྱོགས་སུ་སྒོ་དབྱེ་བའི་མཚོན་རྟགས་ཤིག་ཡིན་པས། གཅིག་ནས་མི་རིགས་རང་ཉིད་ཀྱི་དགོས་མཁོ་སྐོང་ཐུབ་ལ། གཉིས་ནས་མི་རིགས་རིག་གནས་དང་ཐོན་རྫས་གོང་འཕེལ་དུ་གཏོང་ཐུབ་པ་དང་། གསུམ་ནས་མི་རིགས་རིག་གནས་དང་ཐོན་རྫས་ཕྱི་ཕྱོགས་སུ་སྤེལ་ནས་མི་རིགས་གཞན་དག་བར་རིག་གནས་བརྗེ་རེས་བྱེད་པས། སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ། རིག་གནས་འབྲེལ་འདྲིས། རིག་གནས་གསར་བསྐྲུན། སྤྱི་ཚོགས་བདེ་འཇགས་སོགས་ལ་ཐད་ཀར་གྱིས་ནུས་པ་འདོན་པས། ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་དང་མི་རིགས་ཁེ་ལས་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་ལེགས་པོ་སྒྲུབ་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་ཚོང་ལས་དགོངས་དོན་གྱི་སྙིང་བོ་ཡང་དེ་ཉིད་ཡིན་སྟབས། མི་རིགས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་གཞི་རྒྱ་ཆེ་རུ་སོང་ཚེ་ཀྲུང་གོའི་སྤྱི་ཚོགས་དཔལ་འབྱོར་ལ་གསོན་ཤུགས་ཆེ་རུ་རྒྱས་པའི་རྟགས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྨང་གཞི་དང་གཙོ་ཤུགས་ཀྱང་ཡིན།