logo

ལྷ་ས་རུང་ཧེང་གྱོན་ཆས་ཚད་ཡོད་ཀུང་ཟིའི་གཡུར་ཟའི་གྲུབ་འབྲས།

རྩོམ་པ་པོ།:སྲིན་འབུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-27 ཀློག་གྲངས།:
      ལྷ་ས་རུང་ཧེང་གྱོན་ཆས་ཚད་ཡོད་ཀུང་ཟི་འདི་ཉིད་ཐོག་མར་རྒྱལ་གཉེར་གྱི་རྣམ་པའི་ཐོག་ནས་སྤྱི་ལོ1956ལོར་གཉེར་འགོ་ཚུགས། དེ་དུས་ཀྱི་མིང་ལ་མལ་གོས་བཟོ་གྲྭ་ཞེས་སུ་འབོད། སྤྱི་ལོ2001ལོར་གཞི་ནས་ལྷ་ས་རུང་ཧེང་གྱོན་ཆས་ཚད་ཡོད་ཀུང་ཟིར་མིང་བསྒྱུར་ཞིང་། སྒེར་གཉེར་གྱི་རྣམ་པའི་ཐོག་ནས་དོ་དམ་བྱེད་མུས་ལ་གཙོ་བོར་ཁམས་བཟོའི་ཕྱུ་པ(ལྭ་བ)འཚེམ་བཟོའི་ལས་གཉེར་བྱེད། དེ་དུས་བཟོ་པ་མི་གྲངས50ལས་ཞུགས་བྱེད་སྒང་དུ་ཟད། སྐབས་དེ་དུས་བསོད་ནམས་ཚེ་རིང་ལགས་ནི་ཀུང་ཟིའི་རླངས་འཁོར་གྱི་ཁ་ལོ་བ་ཡིན། སྤྱི་ལོ2002ལོར་འཁོར་ཁང་དུ་ཕྱག་ལས་དངོས་སུ་གནང་བ་བརྒྱུད་རིམ་བཞིན་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་། ད་ལྟའི་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པའི་ལས་འགན་ཕྲག་ཏུ་བཞེས།
      སྤྱིར་ཁོང་གིས་རང་ལོ13ནས་ཆ་སྒམ་དང་། མཆོད་གཤོམས་ལ་ཚོན་རྩི་འབྱུག་པའི་སྲོལ་རྒྱུན་རི་མོའི་ལག་རྩལ་སྦྱངས་ཤིང་། ཕྱིས་སུ་དགེ་རྒན་གྲྭ་བཙུན་ཞིག་གི་གམ་ནས་སྲོལ་རྒྱུན་ཐང་གའི་རི་མོའི་གདམས་ངག་བུམ་པ་གང་བྱོའི་ཚུལ་གྱིས་གསན། འཁོར་ཁང་དུ་ཕྱག་ལས་གནང་པ་ནས་བཟུང་སྲོལ་རྒྱུན་ཐང་གའི་ལག་རྩལ་ཐད་མཁྱེན་པའི་མངའ་བརྙེས་པའི་གང་ཉིད་ཀྱི་ཐུན་མིན་དགོངས་པ་ལས་ཀུང་ཟིའི་འཚེམ་བཟོའི་ལས་གཉེར་གྱི་ལས་དབང་ལ་འཕོ་འགྱུར་གཏོང་རྒྱུའི་དགོངས་པ་འཁྲུངས། དེ་ལྟར་སྔར་ཡོད་ཀྱི་ཁམས་བཟོའི་ཕྱུ་པ(ལྭ་བ)འཚེམ་བཟོའི་ལས་གཉེར་ཐོག་ཕར་ཆིན་ལས་གྲུབ་པའི་ལྟོ་ཕད(ཁུག་མ)དང་། ལྷ་མོའི་འབག  གུར་ལ་སོགས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་རྩལ་གྱི་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱས། ཡིན་ཡང་ཕར་ཆིན་གྱི་རྒྱུ་ཆ་དར་སྐུད་གཤའ་མ་སྤྱད་པ་དང་། བཟོ་པའི་ལག་འཚེམ་ལ་བརྟེན་པའི་ཐོན་རྫས་རྩེ་གྲ་ཡིན་དུས། དེང་རབས་ཁྲོམ་རའི་འགྲན་རྩོད་ཁྲོད་འཕྲུལ་འཁོར་གྱི་ཕར་ཕྱིན་ཐོན་རྫས་སྟབས་བདེ་ཁར། རིན་གོང་དམའ་བ། དེ་བཞིན་འཛད་སྤྱོད་པའི་མོས་པ་མི་འདྲ་བ་ལ་སོགས་པའི་རྐྱེན་དུ་མས་ཚོང་གི་བྲིན་ཁ་མ་རྒྱུག་ཅིང་། ཐ་ན་བཟོ་པའི་གླ་ཆ་དང་། འཚོ་བའི་ཆ་རྐྱེན་ཡང་འགན་འཁུར་མ་ཐུབ་པའི་གནས་སུ་གྱར།
      ཁོང་གིས་དེ་འདྲའི་གེགས་བར་མདུན་དུ་ནམ་ཡང་གཉའ་མ་ཞུམ་པར་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཉག་ཅིག་སྟེ། སྤྱིར་བོད་མི་རིགས་ཀྱི་མི་རབས་ཚ་རྒྱུད་ལ་དབང་བའི་སྲོལ་རྒྱུན་ཕར་ཆིན་གྱི་ལག་རྩལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་ཕྱིར་དང་། སྒོས་སུ་སྤྱི་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ལ་དོ་འཁུར་གྱི་སྙིང་སྟོབས་བརྟན་པོས་དབུས་གཙང་ཁུལ་གྱི་ཆ་རྐྱེན་སྐྱོ་བའི་ཁྱིམ་ཚང་གི་བུ་ཕྲུག་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་ལ་སོགས་པའི་ལས་ཀའི་བྱེད་ནུས་ཤོར་བའི་མི་སྣའི་ལས་ཞུགས་ཀྱི་དཀའ་ངལ་སེལ་ཕྱིར་མུ་མཐུད་ཚོང་གཉེར་གྱི་རྒྱུན་མ་ཉམས་པར་སྤེལ། སྤྱི་ལོ2002ལོར་དབུས་གཙང་ཁུལ་ནས་དྭ་ཕྲུག་དང་། དབང་པོ་སྐྱོན་ཅན་ལ་སོགས་པའི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་གི་བུ་ཕྲུག་བསྡུས་ཏེ་ཀུང་ཟི་ནས་གླ་ཆ་སྤྲད་ཁར། ལོ་གསུམ་རིང་ལག་རྩལ་པ་གསོ་སྐྱོང་གནང་། དེ་དག་ལས་མང་ཆེ་བ་ད་ལྟའི་ལས་རིགས་འདིར་བརྟེན་ཏེ་སྤྱི་ཚོགས་ཐོག་ལས་ཞུགས་བྱས་དང་བྱེད་མུས་སུ་མཆིས། གཞན་ཡང་འཕན་པོ་རྫོང་གི་དབུལ་སྐྱོར་ཁ་གཏད་ལ་རོགས་སྐྱོར་མཐའ་གཅིག་ཏུ་གནང་བ་དང་། མ་རྩ་མཉམ་འཇོག་གི་ཚོང་ལམ་ལ་བརྟེན་པ་ལ་སོགས་ཐབས་བརྒྱ་ཇུས་སྟོང་གིས་ཀུང་ཟི་ད་བར་གནས་ཐུབ་པ་དང་། འཕེལ་རྒྱས་སུ་ཕྱོགས་ཡོད།
      ད་ལྟའི་ཀུང་ཟིའི་ལས་གཉེར་གྱི་རྣམ་གྲངས་དང་། སྒྲིག་གཞི་སྔོན་དང་མི་འདྲ་བར་འཐུས་སྒོ་ཚང་བ་སྟེ། སྔར་ཡོད་ཀྱི་ལས་གཉེར་གྱི་རྣམ་གྲངས་ཐོག་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པའི་མཛེས་བཀོད་ལ་མཁོ་བའི་ཕར་ཆིན་འཚེམ་དྲུབ་མའི་ཐོག་རས་དང་། ཀ་འཕན། གཤམ་བུ། དེ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་ལྷ་ཁང་དང་། གནས་རི། གནས་མཚོའི་བཀོད་པ་མཛེས་པའི་ཕར་ཆིན་འཚེམ་དྲུབ་མའི་ཐང་ག  ལྷག་པར་དུ་གྲུབ་མཐའ་རིས་མེད་ཀྱི་ཕར་ཆིན་འཚེམ་དྲུབ་མའི་ཐང་ག་ཐོན་སྐྱེད་བྱེད་ཅིང་། ལས་གཉེར་གྱི་སྒྲིག་གཞིར་རས་གཞིར་སྐྱ་བྲིས་ཕབ་མཁན(བསོད་ནམས་ཚེ་རིང་གང་ཉིད་ཀྱིས་འགན་བཞེས་པ)དང་། གློག་ཀླད་བསྐྱར་དཔར་གྱི་འཁོར་ཁང་། བཟོ་པ་ལག་འཚེམ་པའི་ལག་རྩལ་པའི་འཁོར་ཁང་། ཐོན་སྐྱེད་འཁོར་ཁང་སོགས་ཡོད།
      དམིགས་བསལ་དུ་སྙན་འབུལ་ཞུ་རིན་ཡོད་པ་ཞིག་སྟེ། བསོད་ནམས་ཚེ་རིང་ལགས་ཀྱི་འཆར་བཀོད་དང་། ལས་ཞུགས་དངོས་ཀྱི་མཛུབ་ཁྲིད། སྐྱ་བྲིས་ཀྱི་རྨང་གཞིའི་འོག་བཟོ་པ་ཡོངས་ཀྱིས་ལག་འཚེམ་གྱི་ངལ་བར་མ་འཛེམས་པར་གྲུབ་པའི་ས་ཆེན་རྣམ་ལྔར་གྲགས་པའི་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་ས་ཆེན་ཀུན་དགའ་སྙིང་པོའི་ཕར་ཆིན་འཚེམ་དྲུབ་མའི་གཙོ་ཐང་དུ་སྟོན་པ་གཙོ་འཁོར་གསུམ་བཞུགས་པའི་བླ་སྐུའི་གཞུང་ཐང་ཞིག་ཟླ་བ11ལྷག་ཙམ་གྱི་དུས་ཚོད་བེད་སྤྱད་དེ་འཚེམ་དྲུབ་ཡོངས་སུ་གྲུབ། སྤྱིའི་རིང་ཚད་ལ་གཞུང་ལ་ཀུང་ཁྲེ14དང་། འཕྲེད་ལ་ཀུང་ཁྲེ10མཆིས། ཐང་གའི་རས་གཞི་སྤུས་དག་དང་། དར་སྐུད་གཤའ་མ་སྤྱད་པའི་རྒྱུ་གཙང་སྤུས་གཙང་གི་སྲོལ་རྒྱུན་ལག་རྩལ་གྱི་ཐོན་རྫས་རྩེ་གྲ་ཡིན་ཁར། ལས་ཞུགས་དངོས་སུ་བཟོ་པའི་ལག་འཚེམ་ཀྱི་ངལ་བའི་འབྲས་བུ་བསྡུས་ཡོད། ད་ཡོད་ཀྱི་ལོ་རྒྱུས་རྒྱུ་ཆར་གཞིགས་ན། ཆོལ་གསུམ་དུ་གྲགས་པའི་འབྲི་གུང་མཐིལ་གྱི་ཕར་ཆིན་འཚེམ་དྲུབ་མའི(དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གྲགས་པའི་ཕར་ཆིན་འཚེམ་དྲུབ་མ་ཆེ་ཤོས་དེ་ཡིན་སྐད)རིང་ཚད་ལས་ཀྱང་ཆེར་བརྒལ་ཞིང་། ཧ་ལམ་ཅི་ཉིའི་ཟིའི་ཟིན་ཐོ(吉尼斯纪录)ཡོངས་སུ་གཏོད་པའི་མི་རིགས་སྒྱུ་རྩལ་པའི་ལག་རྩལ་གྱི་སྙིང་པོ་འཁྱིལ་བའི་ཐོན་རྫས་རྩེ་གྲའི་གྲས་སུ་ཚུད་ཡོད་སྙམ།
      སྐབས་དོན་དངོས་ཞུ་རྒྱུར་བསོད་ནམས་ཚེ་རིང་ལགས་ཀྱི་བླ་ན་མ་མཆིས་པའི་དགོངས་འཆར་ཏེ། བོད་ཀྱི་ཕར་ཆིན་འཚེམ་དྲུབ་མའི་ཐང་གའི་ལག་རྩལ་ཉམས་པ་སོར་ཆུད་དང་མི་ཉམས་པ་གོང་འཕེལ་གཏོང་ཕྱིར་ཆོལ་གསུམ་རིས་མེད་ནས་བོད་རིགས་ཀྱི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་གི་བུ་ཕྲུག་དང་། དྭ་ཕྲུག  དབང་པོ་སྐྱོན་ཅན་ལ་སོགས་པའི་ལས་ཀའི་བྱེད་ནུས་ཤོར་བའི་མི་སྣ་དང་། ལས་རིགས་དེར་དགའ་ཞེན་ཡོད་པའི་མི་སྣ་གང་ཡིན་ཆ་རྐྱེན་འཛོམས་ཚེ་བཟོ་པར་བསྡུ་རྒྱུའི་ཐུགས་དཀྱེལ་ཡངས་པས་དེ་དོན་དགོངས་འཇགས་འཚལ་ལ། སླད་རང་རིགས་ཀྱི་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ཐུན་མོང་ཐོག་བོད་ཀྱི་སྲོལ་རྒྱུན་ལག་རྩལ་འདི་མི་ཉམས་གོང་འཕེལ་གཏོང་ཕྱིར་འདི་ག་ཀུང་ཟི་ནས་ལས་གཉེར་བྱས་པའི་ཐོན་རྫས་གང་རུང་མངག་ཉོ་གནང་རྒྱུར་སྙིང་ཐག་པ་ནས་ཐུགས་རྗེ་ཆེའོ༎
འབྲེལ་གཏུག་ས་གནས། ལྷ་ས་རུང་ཧེང་གྱོན་ཆས་ཚད་ཡོད་ཀུང་ཟི།
联系地址:拉萨永恒服装有限公司
འབྲེལ་གཏུག་གནང་མི། བསོད་ནམས་ཚེ་རིང་།
联系人姓名:索朗次仁
འབྲེལ་གཏུག་ཞལ་པར། ༡༣༩༠༨༩༩༡༤༤༣
联系电话:13908991443


འབྲེལ་ཡོད་འོས་སྦྱོར།