logo

ནང་བསྟན་དཔལ་འབྱོར་རིག་པ་ལས་སྤྱི་ཚོགས་དང་དཔལ་འབྱོར།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-18 ཀློག་གྲངས།:
      དཔལ་འབྱོར་རིག་པ་ལས་ཆེས་གནད་ཆེ་བ་ནི་སྤྱི་ཚོགས་དང་དཔལ་འབྱོར་བར་གྱི་འབྲེལ་བ་རེད། དེ་ནི་ཆེད་དུ་བཤད་དགོས་པ་ཞིག་སྟེ་སྤྱི་ཚོགས་ཀྱི་དཔལ་འབྱོར་དེ་ནི་མི་སྒེར་དཔལ་འབྱོར་དང་འབྲེལ་ཡོད། དེ་ཡང་ཡིན་ཏེ་མི་སྒེར་དང་མ་འབྲེལ་བའི་སྤྱི་ཚོགས་ཤིག་མེད་ལ་སྤྱི་ཚོགས་དང་མ་འབྲེལ་བའི་མི་སྒེར་ཞིག་ཀྱང་མེད། ཡིན་ནའང་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དེ་དག་ཀྱང་མི་སྒེར་གྱི་ཆེད་ཡིན་མོད་སྤྱིའི་ཆ་ནས་མི་སྒེར་གྱི་དཔལ་འབྱོར་སྒྲུབ་སྟངས་དང་མི་མཐུན་པའི་ཆ་ཡོད་ལ་སྤྱོད་སྟངས་ཀྱང་མི་འདྲ་བའི་ཆ་ཡང་ཡོད་དེ་ནང་བསྟན་གྱི་དཔལ་འབྱོར་རིག་པའི་ཐད་ནས་བཤད་ན་སྤྱི་ཚོགས་གཉིས་ཀྱི་སྒྲིག་འཛུགས་གཉིས་ཡོད་དེ་གཅིག་ནི་སྲིད་གཞུང་གི་དཔལ་འབྱོར་ཡིན་ལ་གཅིག་ནི་དགོན་སྡེ་དཔལ་འབྱོར་ཏེ་གཉིས་སུ་འདུས་ཡོད། འདིར་དེ་གཉིས་ས་བཅད་མ་སྟོངས་ཙམ་བཤད་པར་བྱའོ། །

དང་བོ། སྲིད་གཞུང་གི་དཔལ་འབྱོར།

      སྲིད་གཞུང་ཞིག་དར་རྒྱས་སུ་སོང་མིན་དེ་དཔལ་འབྱོར་དང་དཔལ་འབྱོར་གྱི་བདེ་འཇགས་ལ་ཐུག་ཡོད་དེ་དཔལ་འབྱོར་གྱི་བདེ་འཇགས་ཟེར་དོན་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་ཁོའི་དཔལ་འབྱོར་གྱིས་རང་གི་དགོས་མཁོ་བསྒྲུབ་ཐུབ་པ་ལ་ཟེར། དེ་ནི་ཅུང་མཐོ་བའི་ཚད་གཞི་ལས་བཤད་པ་ཞིག་ཡིན་ལ། ཆུང་ས་ནས་བཤད་ན་སྟབས་བདེའི་དཔལ་འབྱོར་ཞིག་དགོས་པ་རེད་སྟབས་བདེ་དཔལ་འབྱོར་ཟེར་བ་ནི་དཔལ་འབྱོར་གྱིས་འགྲོ་བ་མིའི་ཆེས་སྟབས་བདེའི་དང་། རང་ཁ་སོས་པའི་དཔལ་འབྱོར་ལ་འབོད་རྒྱུ་ཡིན། དཔལ་འབྱོར་དར་རྒྱས་ནི་རང་གི་དགོས་མཁོ་མཐའ་དག་བསྐང་ཐུབ་པ་ལས་གཞན་རྩ་འཛུགས་གཞན་དང་མི་གཞན་དག་གི་དབུལ་བའི་སྡུག་བསྔལ་སེལ་པའི་དཔལ་འབྱོར་ཡིན་པས་ཚོགས་པ་དང་རྒྱལ་ཁབ་གང་ཡིན་རུང་དཔལ་འབྱོར་གྱི་དགོས་མཁོ་ནི་དེ་དག་ལ་འབྲེལ་ཡོད་པས་དཔལ་འབྱོར་ནི་ངེས་པར་བསྒྲུབ་དགོས་པ་ཞིག་དང་ངེས་པར་རང་ལ་ཡོད་དགོས་པ་ཞིག་ཡིན། ལ་ལས་ནང་བསྟན་ལ་ཁག་བཞག་ནས་དཔལ་འབྱོར་མི་མཁོ་སྙམ་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་དེ་ནང་བསྟན་གྱི་གཞུང་ལས་རྒྱལ་བོ་ཞིག་གིས་འབངས་ཀྱི་བདེ་ཐབས་སུ་དཔལ་འབྱོར་གྱི་ལས་སྣ་ཚོགས་བསྒྲུབ་དགོས་ལ་དེ་ལྟར་བསྒྲུབ་ན་སྡིག་པའི་རྐྱེན་དུ་མི་འགྱུར་བར་གསུངས་པས་གཞན་གཙོ་བོར་འཛིན་པ་ནི། ནང་བསྟན་གྱི་ཆབ་སྲིད་ལྟ་བའི་རྨང་གཞི་ཡིན་པས་སོ། །རྨང་གཞིའི་དེ་ལས་རྒྱལ་ཁབ་ཅིག་གིས་དཔལ་འབྱོར་དང་། དཔལ་འབྱོར་སྒྲུབ་སྟངས། དཔལ་འབྱོར་སྤྱོད་སྟངས་དག་ལ་ཡང་དག་པའི་ལྟ་བ་ཞིག་འཛིན་དགོས་པ་ནི་ནང་བསྟན་དཔལ་འབྱོར་རིག་པའི་རེ་བ་ཆེན་པོ་ཞིག་ཡིན་ནོ། །

གཉིས་པ། དགོན་སྡེའི་དཔལ་འབྱོར།

      དགོན་སྡེ་དཔལ་འབྱོར་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པའི་གནད་ཀྱི་གཙོ་བོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། དེ་ཡང་གཞན་དང་མི་འདྲ་བའི་གནད་ཅིག་ཡོད་པ་ནི་དང་བོ་ནི་ཡོང་ཁུངས་ཀྱི་གནད་དོན་ཡིན་ལ་གཉིས་པ་ནི་དོ་དམ་གྱི་ལམ་ལུགས་དང་བེད་སྤྱོད་ཀྱི་ལམ་ལུགས་རེད།
      དང་བོ་དཔལ་འབྱོར་གྱི་ཡོངས་ཁུངས་ནི 1 དད་ལྡན་པས་ཕུལ་བའི་འབུལ་བ་ཡིན་ལ། 2 དགོན་སྡེས་གཉེར་བའི་ཞིང་ཕྱུགས་ཀྱི་ཡོང་སྒོ། 3 དགོན་སྡེས་གཉེར་བའི་ཚོང་ལས་སོགས་ཁེ་ལས་ཀྱི་རིགས་ཡིན། སྤྱིར་ན་གྲྭ་བས་འཚོང་བརྒྱབ་མི་ཆོག་མོད་དགོན་སྡེའི་སླད་དུ་ཚོང་བརྒྱབས་ན་ཆོག་པ་ནི་རྒྱལ་བས་གནང་ཡོད་པ་རེད།
      གཉིས་པ་དོ་དམ་དང་བེད་སྤྱོད་ཀྱི་ཐད་ནས་དགེ་འདུན་གྱིས་གནང་བ་མ་བྱིན་པར་སུས་ཀྱང་སྤྱད་མི་ཆོག་པའི་བཅས་པ་མཛད་ཡོད་ཅིང་། ཐ་ན་ཟས་ཁམ་གཅིག་དང་ཆུ་ཁམ་གང་ཡང་འཐུང་མི་ཆོག་པའི་བཅས་པ་མཛད་ཡོད་དེ་དེ་ལ་དགེ་འདུན་གྱི་དཀོར་ཞེས་ནོར་རྣམས་ལས་དེ་སྤྱད་ན་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཡོད། དེ་བས་གནད་མང་བོ་ཞིག་ཤེས་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།