ཐེམ་ཆེན་འབྲོག་མིའི་གཡང་ཁྱིམ་སྤྲོ་གསེང་གླིང་དག་གིས་མགྲོན་པོ་རྣམས་འགུག་པ།
ཐེམ་ཆེན་རྫོང་གི་མཚན་སྙན་གྲགས་ཇེ་ཆེར་སོང་བ་དང་མཉམ་དུ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་མི་རིགས་གོམས་སྲོལ་གྱི་ཐོན་ཁུངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་འགུག་བཞིན་ཡོད་ལ། དེ་ལས་ཐེམ་ཆེན་རྫོང་གི་འབྲོག་མིའི་གཡང་ཁྱིམ་ཐོན་ལས་ནི་ལྗོངས་རྒྱུ་བ་རྣམས་ལ་གྱ་ནོམ་པའི་བཟའ་བཏུང་དང་སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་འདོན་སྤྲོད་བྱེད་སའི་གནས་ལེགས་པོ་ཞིག་ཡིན་པ་དང་། འབྲོག་མིའི་གཡང་ཁྱིམ་སྤྲོ་གསེང་གླིང་གི་ཐོན་ལས་ཀྱང་སྐས་རིམ་གསར་བ་ཞིག་ལ་སླེབས་ཡོད།
ཤེས་ཡོན་གྲོང་རྡལ་གྱི་སྦྲ་ནག་གཡང་ཁྱིམ།
ཐེམ་ཆེན་རྫོང་དུ་ཅུང་མིང་གྲགས་ཆེ་བ་དང་འཐུས་སྒོ་ཚང་བའི་འབྲོག་མིའི་གཡང་ཁྱིམ་མང་པོ་ཡོད་ལ། མཁར་དམར་ཡུལ་ཚོའི་གསེར་ཆུའི་རི་དྭགས་སྐྱེ་ཁམས་གླིང་དང་དྲེད་ལུང་མཛེས་ལྗོངས། འབྲུག་ཁྱུང་ཕྱུག་ལུང་མཛེས་ལྗོངས། ཤེས་ཡོན་གྲོང་རྡལ་གྱི་སྦྲ་ནག་གཡང་ཁྱིམ་སོགས་ཡོད། འདི་དག་ནི་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་ལ་མི་རིགས་གོམས་སྲོལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་རི་སྐྱེས་སྲོག་ཆགས་བག་ཡངས་སུ་རྒྱུ་བའི་ཁར་བོད་རིགས་མི་དམངས་ཀྱི་གྱ་ནོམ་པའི་བཟའ་བཏུང་དང་སྤྲོ་སྐྱིད་ལྡན་པའི་སྡོད་གནས་སོགས་ཀྱི་ཞབས་ཞུ་ཡི་གནས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གི་རྒྱབ་སྐྱོར་འོག་མཛེས་ལྗོངས་གཙོ་བོ་འདི་དག་ལ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་ཞིང་ཆེན་གྱི་རྒྱལ་ལམ་དང་གཞུང་ལམ་གཙོ་བོ་དག་དུ་མངོན་གསལ་གྱི་ལམ་སྟོན་མཚོན་བྱང་བཀལ་ཡོད་པས་རྒྱང་གི་མགྲོན་པོ་རྣམས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད།
མཁར་དམར་ཡུལ་ཚོའི་གསེར་ཆུའི་རི་དྭགས་སྐྱེ་ཁམས་གླིང་གིས་ཆེད་དུ་རི་དྭགས་ཤྭ་བར་བལྟ་སའི་སྟེགས་བུ་སོགས་བསྐྲུན་ཡོད་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤིང་ལམ་སོགས་བསྐྲུན་ཡོད་པ་དེས་ཡུལ་ལྗོངས་ལ་མཛེས་སྡུག་བསྣན་ཡོད་པ་དང་ཁོར་ཡུག་ལའང་སྲུང་སྐྱོང་བྱས་ཡོད། འབྲུག་ཁྱུང་ཡུལ་ཚོའི་ཕྱུག་ལུང་མཛེས་ལྗོངས་ཀྱིས་ཀྱང་འབྲོག་མིའི་གཡང་ཁྱིམ་གྱི་སྦྲ་གུར་མགྲོན་ཁང་ཁ་སྣོན་བྱས་པ་དེས་སྐུ་མགྲོན་རྣམས་ལ་སྟབས་བདེ་བསྐྲུན་ཏེ་ཞབས་ཞུའི་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད་པས་མ་བོས་མགྲོན་པོ་རང་འཁོར་དང་ཡོང་སྒོ་འཕར་སྣོན་འབྱུང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།
དྲེད་ལུང་མཛེས་ལྗོངས།
མཁར་དམར་ཡུལ་ཚོའི་དྲེད་ལུང་མཛེས་ལྗོངས་སུ་རླངས་འཁོར་སྡོད་གནས་ཡོད་པར་མ་ཟད་སྐུ་མགྲོན་རྣམས་ངལ་གསོ་སའི་བསིལ་ཁང་བསྐྲུན་ཡོད་པས་མི་རྣམས་ཀྱིས་ལྗོངས་རྒྱུ་བྱེད་པ་དང་མཉམ་དུ་སྤྲོ་གསེང་རོལ་རྩེད་སྣ་མང་ཅན་ལ་རོལ་མྱོང་བྱེད་ཐུབ་ཀྱི་ཡོད་པ་དང་། ཤེས་ཡོན་གྲོང་རྡལ་གྱི་སྦྲ་ནག་གཡང་ཁྱིམ་གྱིས་ད་ལོར་སྔར་ཡོད་པའི་བོད་ཟས་ཏེ་དཀྲུག་རྒྱ་དང་རྩམ་པ། ལུག་ཤ་དང་ཞོ་སོགས་ཀྱི་རྨང་གཞིའི་སྟེང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྔོ་ཚོད་སྣ་ཚོགས་གཡོས་སྦྱོར་བྱས་ཏེ་རྒྱང་གི་མགྲོན་པོ་རྣམས་ཀྱི་ལུས་སེམས་ཀྱི་ངལ་དུབ་ཀུན་ནས་སེལ་བཞིན་པའོ།།
ཉེ་བའི་ཚུན་ལ། ཐེམ་ཆེན་རྫོང་གི་འབྲོག་མིའི་གཡང་ཁྱིམ་སྤྲོ་གསེང་གླིང་དག་གི་ཐོན་ལས་ཅུང་འཕེལ་རྒྱས་བྱུང་ཡོད་ལ། ཡུལ་གྲུའི་མཛེས་ལྗོངས་ཀྱི་རྣམ་པ་དང་མི་རིགས་ཀྱི་གོམས་སྲོལ་བཟང་བོས་སྐུ་མགྲོན་གང་མང་ཞིག་མ་བོས་མགྲོན་དུ་འགུག་བཞིན་ཡོད་དོ།།