logo

མཚོ་ལྷོའི་གཙགས་དྲུབས་ཐོན་རྫས་རྒྱལ་ཕྱིའི་ཚོང་རར་རྒྱུག་ཆེ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-12 ཀློག་གྲངས།:


བི་ཤྭ་ཀརྨའི་གཙགས་དྲུབས་ཐོན་རྫས།

བི་ཤྭ་ཀརྨའི་གཙགས་དྲུབས་ཐོན་རྫས།

  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བི་ཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ནི2008ལོའི་ཟླ9བར་བཙུགས་པ་ཡིན་ཞིང་། ཡུལ་དེའི་དམངས་ཁྲོད་ཀྱི་མི་རིགས་ཤུལ་བཞག་རིག་གནས་ཐོན་ཁུངས་གྱ་ནོམ་པར་རྐང་བཙུགས་ཏེ“སྲོང་སྐྱོབ་དང་པོ་དང་འོས་འཚམ་འདོན་སྤེལ”གྱི་མི་རིགས་སྲོལ་རྒྱུན་ཤུལ་བཞག་རིག་གནས་གོང་སྤེལ་གྱི་རྩ་དོན་ལྟར། གཟུགས་འདས་ཤུལ་བཞག་རིག་གནས་ཏེ“མང་རྫོང་བོད་ཀྱི་གཙགས་དྲུབས”གཙོར་བྱས་པའི་མཚོ་ལྷོ་ཁུལ་གྱི་ཕུལ་དུ་བྱུང་བའི་མི་རིགས་སྲོལ་རྒྱུན་རིག་གནས་ལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་བྱས་པས། རིམ་གྱིས་ཐོན་ལས་ཅན་དུ་གྱུར་ནས“བི་ཤྭ་ཀརྨ”དང“མང་རྫོང་བོད་ཀྱི་གཙགས་དྲུབས”ཞེས་པའི་ཚོང་རྟགས་གྲགས་ཅན་གཉིས་བྱུང་ལ། ཐོན་རྫས་འདི་དག་རྒྱལ་ཕྱིའི་ཚོང་རར་ཤིན་ཏུ་བྲིན་པས་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཚོང་རྟགས་ཤིག་བསྐྲུན་པ་རེད།
  ཐོན་སྐྱེད་ཁྱབ་རྒྱ་དང་ཐོན་རྫས་ཕྱིར་འཚོང་ཚོང་ར་རྒྱ་བསྐྱེད་པར་དམིགས་ནས་ཀུང་ཟི་འདི་གས་མང་རྫོང་དང་ཁྲི་ཀ། གསེར་ཆེན་བཅས་རྫོང་གསུམ་ནས་བོད་ཀྱི་གཙགས་དྲུབས་ཐོན་སྐྱེད་བྱེད་གནས12བསྐྲུན་པ་དང་། ཐོན་སྐྱེད་ལས་སྣོན་ས་ཚིགས་མཚོ་ལྷོ་ཁུལ་གྱི་གྲོང་སྡེ16ལ་ཁེབས་ཡོད་པས་མཚོ་ལྷོའི་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འདོང་བའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་འདུག 
  རྒྱལ་ནང་གི་ཚོང་རར་རྐང་བཙུགས་ཐོག  རྒྱལ་སྤྱིའི་ཚོང་རར་ཁ་ཕྱོགས་ནས་ཟི་ལིང་དང་མང་རྫོང་། ཁྲི་ཀ། གསེར་ཆེན་བཅས་སུ་ཐད་འཚོང་ཁང་བཙུགས་པ་དང་།  པེ་ཅིན་དང་ཧྲང་ཧེ། ཧྲིན་ཀྲིན། ཀན་སུའུ། རྒྱ་ནག་རི་བོ་རྩེ་ལྔ། ལྷ་ས་བཅས་སུ་བརྒྱུད་འཚོང་ཁང་བཙུགས་ཡོད་པ་རེད། དེར་མ་ཟད་ཨ་རི་དང་། ཧྥ་རན་སི། ཉི་ཧོང་། པེ་ཉིན་སོགས་ཕྱིའི་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱེད་བཞིན་ཡོད། 2011ལོའི་ཟླ7པར་བོད་ཀྱི་གཙགས་དྲུབས་ཐོན་རྫས33ཨ་རིར་ཕྱིར་འཚོང་བྱས་ནས་ཨ་སྒོར23962ལྷག་ཐོན་པ་དང་། དམངས་སྒོར་དུ་ཕབ་ན་སྒོར155490ཡོད་པས་བོད་ཀྱི་གཙགས་དྲུབས་ཐོན་རྫས་ཕྱིར་གཏོང་བྱེད་མི་ཐུབ་པས་སྟོངས་ཆ་བསྐངས་པ་རེད། ལོ་སྟོད་དུ་ཨ་རི་ནས་ཕྱིར་འཚོང་གན་རྒྱ་བཞག་པ་ལྟར་མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟིས་ལོ་རེར་ཕྱིར་གཏོང་བྱས་ཚད་ཨ་སྒོར་ཁྲི5ཡན་ལོན་པའི་འཆར་གཞི་བཀོད་པས། བོད་ཀྱི་གཙགས་དྲུབས་ཐོན་རྫས་རྒྱལ་ནང་ཚོང་ར་ནས་རིམ་གྱིས་རྒྱལ་སྤྱིའི་ཚོང་རར་བྲིན་ཏེ་ཐོན་ལས་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་མ་འོངས་དམིགས་འབེན་མངོན་འགྱུར་བྱུང་།


འབྲེལ་ཡོད་འོས་སྦྱོར།