ད་ལོར་བོད་ལྗོངས་གིས་སྣེ་ལེན་བྱས་པའི་གནས་སྐོར་བ་མི་ཐེངས་ཁྲི850ལས་བརྒལ་བ།
གནས་སྐོར་དང་ཆོས་མཇལ་དུ་ཡོང་བའི་མི་ཚོགས།
ཉེ་ཆར་བོད་ལྗོངས་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་སྟོན་གང་མང་སྤེལ་བ་བསྟུན་ནས་ད་ལོར་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་མུ་མཐུད་དུ་གོང་ནས་གོང་དུ་འཕེལ། སྔོན་རྩིས་བྱས་པ་ལྟར་ན2011ལོར་བོད་ལྗོངས་ཀྱིས་སྣེ་ལེན་བྱས་པའི་གནས་སྐོར་བ་མི་ཐེངས་ཁྲི850ལས་བརྒལ་ཞིང་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར95ལོན་པ་རེད།
བོད་ལྗོངས་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན་ད་ལོའི་གནས་སྐོར་འཕེལ་ཕྱོགས་ལ་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནས་ད་ལོའི་བོད་ལྗོངས་ཀྱི་སྣེ་ལེན་བྱས་པའི་གནས་སྐོར་པ་མི་ཐེངས་ཁྲི850ལས་བརྒལ་བས་དུས་མཉམ་ལས25%ཡིས་འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར95ལོན་པས་དུས་མཉམ་ལས30%ཡིས་ཇེ་མང་དུ་སོང་། དེ་བས་ཡོང་སྒོའི་འཕར་སྣོན་དེ་མི་ཐེངས་ཇེ་མང་དུ་ཕྱིན་པ་གྲངས་ཚད་ལས་མངོན་སུམ་གྱིས་ལྷག་པ་རེད། གཉིས་ནས་རྒྱལ་ནང་གི་ཚོང་རའི་ཁྲོད་ཞང་ཀང་དང་། ཨོ་མུན། ཐེ་ཝན་བཅས་ཀྱི་གནས་སྐོར་བའི་མི་གྲངས་ཇེ་མང་དུ་ཕྱིན་པ། གསུམ་ནས་ཟླ་རེའི་སྣེ་ལེན་བྱས་པའི་མི་ཐེངས་ཁྲི200ལས་བརྒལ་བ། ད་ལོའི་ཟླ7པར་ཁྱབ་སྒྲོག་ལེགས་པོ་བྱས་པར་བརྟེན་བོད་ལྗོངས་གནས་སྐོར་ལས་རིགས་ཀྱི་འགྲན་ཤུགས་དང་མཚན་སྙན་རིམ་གྱིས་རྒྱས་ཤིང་། ཟླ8པར་སྣེ་ལེན་བྱས་པའི་མི་ཐེངས་ཁྲི200ལས་བརྒལ་བས་ལོ་རྒྱུས་ཐོག་གི་གྲངས་ཚད་ཆེས་མཐོ་བར་སོན་པ་རེད།