logo

ཆེས་ཆེ་བའི་དངོས་ཟོག་བརྗེ་རེས་ཚོང་ཚོགས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-02 ཀློག་གྲངས།:
  ཟླ12བའི་ཚེས1ཉིན། ཉིན་བཅུ་རིང་གི་སྐབས31པའི“ལྷོ་ཁའི་ཡར་ལུང་དངོས་ཟོག་བརྗེ་རེས་དུས་ཆེན”ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་ནས་འགོ་བཙུགས།
  རྒྱུས་ལོན་བྱུང་བ་ལྟར་ན་ཁ་སང་སྔ་དྲོའི་བར་དུ་དངོས་ཟོག་བརྗེ་རེས་ལ་ཞུགས་པའི་ཚོང་བ4258ལྷག་ཡོད་ཅིང་། ཚོང་ཚོགས་ལ་ཞུགས་པའི་ཚོང་བ་ནི་ལྷོ་ཁ་ས་ཁུལ་དང་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ས་གནས་སོ་སོ་ནས་ཐོན་པ་ལས་ཕུད། གཞན་མཚོ་སྔོན་དང་། ཀན་སུའུ། ཧྲན་ཞི། སི་ཁྲོན་སོགས་ཀྱི་ཚོང་བ་ཡང་མི་ཉུང་བ་ཞིག་ཡོད་པ་རེད། བརྗེ་རེས་བྱེད་པའི་ཚོང་རྫས་ལ་ཤ་མར་སོགས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་རིགས820ལྷག་ཡོད་པ་དང་། འགྲེམ་གྲབས་ཡོད་པའི་ཉོ་འཚོང་དངུལ་གྲངས་སྒོར་ཁྲི1179.04ལ་སླེབས། ཐེངས་འདིའི་དངོས་ཟོག་བརྗེ་རེས་ཚོང་ཚོགས་ནི་ལོ་རྒྱུས་སྟེང་རྒྱ་ཆེས་ཆེ་བའི་ཐེངས་ཤིག་ཡིན་ཏེ། ས་ཁུངས་ཀྱི་ཁྱོན་རྒྱའི་སྟེང་ཇེ་ཆེར་སོང་བར་མ་ཟད། ཚོང་ཚོགས་ལ་ཞུགས་མཁན་དང་། ཚོང་རྫས། བརྗེ་རེས་བྱས་པའི་དངུལ་གྲངས་སོགས་སྐས་རིམ་གསར་བ་ཞིག་ལ་སླེབས་ཡོད་ལ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཚོང་ཚོགས་ལ་ཞུགས་པའི་སྤྲོ་བ་ཆེ་ཞིང་ཚོང་རའི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པས་ཁྱད་ཆོས་གསར་བ་མང་དུ་མངོན།
  སྐབས་རེ་རེའི་ཚོང་ཟོག་བརྗེ་རེས་ལ་བལྟས་ན་འགྲེམ་ཚོགས་ལ་ཞུགས་པའི་རོང་འབྲོག་མང་ཚོགས་དང་ཚོང་བ་ལོ་རེ་བཞིན་ཇེ་མང་དང་འགྲེམ་ཚོགས་སྟེང་གི་ཞིང་ཕྱུགས་ལས་རིགས་ཐོན་རྫས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། ཚོང་ལས་གཉེར་བའི་ཐབས་ལམ་ཡང་སྣ་མང་དུ་འགྱུར་བཞིན་ཡོད་པ་རེད། སྐབས་རེ་རེའི་དངོས་ཟོག་བརྗེ་རེས་དུས་ཆེན་བརྒྱུད་ནས་རོང་འབྲོག་མང་ཚོགས་མང་པོ་སྔོན་མ་ལྟར་ཉོ་འཚོང་བྱེད་པ་དེ་ངོ་ཚ་ཞིག་ཏུ་འཛིན་པའི་ལྟ་སྟངས་ལ་བསྒྱུར་བཅོས་བྱུང་བས་རོང་འབྲོག་མང་ཚོགས་ཀྱི་ཚོང་རྫས་འདུ་ཤེས་དང་ཚོང་རའི་ལྟ་སྟངས་ལེགས་པོ་བཟུང་ནས་དངོས་ཟོག་བརྗེ་རེས་ཚོང་ཚོགས་ལ་ཞུགས་པའི་སྤྲོ་བས་བརྟས་འདུག


འབྲེལ་ཡོད་འོས་སྦྱོར།