logo

བོད་ལྗོངས་ཀྱིས་མ་དངུལ་དུང་ཕྱུར12བཏང་ནས་སྐྱིད་རོང་གྲུ་ཁ་འཛུགས་སྐྲུན་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-01 ཀློག་གྲངས།:


གྲོ་མོ་རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་ཁྲོམ་ར།

  སྐྱིད་རོང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་ལ། ཀྲུང་གོའི་བོད་ལྗོངས་དང་བལ་བོའི་མཐའ་མཚམས་སུ་ཆགས་པས་ཕན་ཚུན་ཚོང་ཟོག་བརྗེ་རེས་བྱེད་པའི་དཔལ་འབྱོར་ལྟེ་གནས་སུ་གྲུབ་འདུག  མིག་སྔར། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར12བཏང་ནས་སྐྱིད་རོང་གི་འགྲུམ་འགྲུལ་དང་། ནུས་ཁུངས། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད། དེར་མ་ཟད་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར1.4ལྷག་གི་སྐྱིད་རོང་གྲུ་ཁའི་གསོག་ཉར་ལས་སྣོན་ཁུལ་དང་དངོས་ཟོག་བརྗེ་རེས་ཁུལ་གྱི་ལས་གཞི་ནང་འདྲེན་བྱས་ཏེ་གྲུ་ཁའི་ཚོང་ཟོག་འཕེལ་རྒྱས་ཀྱི་རྟིང་ཤུགས་ཇེ་དྲག་ཏུ་བཏང་།
  འགྲམ་གྲུ་ཁ་ནི་ཧི་མ་ལ་ཡའི་ལྷོ་འདབས་སུ་ཆགས་པའི་བོད་ལྗོངས་ཀྱི་ས་ལམ་བརྒྱུད་ནས་ཚོང་ཟོག་བརྗེ་རེས་བྱེད་པའི་གྲུ་ཁ་ཁོ་ན་ཡིན་ལ། བོད་ལྗོངས་ཀྱི་ཞང་ཀཱང་ཆུང་བ་ཞེས་པའི་མཚན་གསོལ་ཡོད་པ་རེད། ནང་འདྲེན་བྱས་པའི་ལག་གདུབ་དུས་ཚོད་དང་། དྲི་རྫས། བོད་ཀྱི་རྒྱན་སྤྲས་སོགས་ཚོང་ཟོག་མཚར་དུ་དངར་བ་ཡོད་ཅིང་། ཡུལ་དེའི་ཚོང་བ་རྣམས་ཀྱིས་རྒྱ་སྐད་དང་། བོད་སྐད། དབྱིན་སྐད། བལ་བོའི་སྐད་སོགས་སྐད་རིགས་སྣ་ཚོགས་བཤད་ཀྱིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན2010ལོར་འགྲམ་གྲུ་ཁའི་ཚོང་ཟོག་ཉོ་འཚོང་གི་དངུལ་གྲངས་ཨ་རིའི་སྒོར་དུང་ཕྱུར5.4སླེབས་ཤིང་ལོ་དེར་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་སྒོར10000ལོན་པས་གཞིས་ཀ་རྩེ་ས་ཁུལ་གྱི་ཨང་དང་པོར་སོན།


བལ་བོའི་མང་ཚོགས་ཀྱིས་སྐྱིད་རོང་དུ་གློག་ཆས་ཉོ་ཆ་རྒྱག་པ།

  བོད་ལྗོངས་མངའ་རིས་སུ་ཡོད་པའི་སྤུ་ཧྲེང་གྲུ་ཁ་ནི་རྒྱ་གར་དང་བལ་བོའི་ཉེ་འགྲམ་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་བརྗེ་རེས་ཀྱི་གྲུ་ཁ་གཙོ་བོ་ཞིག་ཡིན་ཞིང་། དེ་ལ་ལོ་ངོ500ལྷག་གི་ཚོང་ཟོག་བརྗེ་རེས་ཀྱི་ལོ་རྒྱུས་ཡོད་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སྤུ་ཧྲེང་རྫོང་གིས་མཐའ་མཚམས་ཀྱི་ཚོང་ཟོག་བརྗེ་རེས་ཁུལ་ལེགས་པོར་སྤེལ་ནས་མ་དངུལ་སྒོར་དུང་ཕྱུར20བཏང་ནས་གྲུ་ཁར་འཛུགས་སྐྲུན་བྱས། མཐའ་མཚམས་ཀྱི་ཚོང་ཟོག་བརྗེ་རེས་ཁུལ་འཛུགས་སྐྲུན་བྱེད་པའི་ཁར། གཙོ་བོ་གྲུ་ཁའི་འཛུགས་སྐྲུན་རྒྱ་ཆེར་སྤེལ་ནས་རྒྱལ་ཁབ་རིམ་པའི་སྤུ་ཧྲེང་དཔལ་འབྱོར་ཆེད་ཁུལ་སྐྲུན་པར་མ་ཟད། སྤུ་ཧྲེང་གྲུ་ཁ་དེ་རྒྱལ་སྤྱིའི་གྲུ་ཁའི་ཚོང་ཟོག་བསྡུ་འགྲེམ་ལྟེ་གནས་སུ་བསྐྲུན་ཏེ་ཉོ་ཚོང་དངུལ་གྲངས་ད་ལྟའི་རྨང་གཞི་སྟེང་ལྡབ3ནས6འཕར་སྣོན་བྱུང་བར་དམིགས་པ་རེད།
  རྩིས་བཤེར་བྱས་པ་ལྟར་ན་ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་ཨ་རིའི་སྒོར་དུང་ཕྱུར3.76ལ་ཉེ་བའི་ཚོང་ཟོག་ཕྱིར་འཚོང་བྱེད་པའི་དངུལ་གྲངས་མངོན་འགྱུར་བྱུང་བས་ན་ནིང་གི་དུས་མཉམ་ལས13.5%ཡིས་འཕར་སྣོན་བྱུང་བ་རེད། བོད་ལྗོངས་ཀྱི་ཕྱིར་སྤེལ་ཚོང་དོན་གྱི་འཕེལ་རྒྱས་འཛིན་སྤེལ་བྱེད་པར་དམིགས་ནས་སྲིད་གཞུང་གིས་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་རྒྱབ་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་རིགས་སོ་སོའི་ཕྱིར་འཚོང་ཁྲལ་གཅོག་སྲིད་ཇུས་ཏན་ཏིག་སྒོས་དངོས་འབེབས་བྱེད་པ་རེད།


སྐྱིད་རོང་དུ་ཚོང་རྫས་ཉོ་རུ་འགྲོ་བའི་བལ་བོའི་མང་ཚོགས་ཀྱིས་གྲལ་སྒྲིག་ནས་ཞིབ་བཤེར་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།