ལོ་རབས80རྗེས་ཀྱི་བོད་ཀྱི་སྟག་ཤར་གཞོན་ནུས་གསར་གཏོད་བྱས་པའིGAKAGAཚོང་རྟགས།
ཨ་འཇམ་ནི་ལོ་རབས80རྗེས་ཀྱི་བོད་ཀྱི་ན་གཞོན་ཞིག་ཡིན། ཁོས་རང་གི་མཐོང་སྣང་ཁྲོད་ཀྱི་ཕ་ཡུལ་དེ་ཡ་མཚན་པའི་མཚོན་རྟགས་སུ་སོ་སོར་ཕྱེས་རྗེས་གཅིག་མཚུངས་མ་ཡིན་པའི་རི་མོ་རེ་ཇུས་འགོད་བྱས་ཏེ་སྟོད་ཐུང་སྟེང་དུ་བཀོད་པ་རེད། ཁོས་བཤད་རྒྱུར། བརྩོན་པ་ཡོད་ན་བོད་རང་ལ་དབང་བའི་སྲོལ་རྒྱུན་དང་བར་ཁྱད་ཡོད་པའི་དངོས་པོ་གང་རུང་མཐོང་ཡང་ཐུབ་ལ་བཟོ་ཡང་ཐུབ་ཟེར་བ་དང་། ཁོས་བལྟས་ན་རིག་གནས་ཤིག་ཁས་ལེན་བྱེད་མིན་དེ་མི་གང་ཞིག་གིས་དངུལ་ལོར་བཏང་ནས་དངོས་པོ་དེ་ཉོ་འདོད་ཡོད་མིན་ལ་རག་ལས་ཡོད་ཟེར། ཁོས་བོད་ཀྱི་དབྱར་ལྭ་སྟོད་ཐུང་སྟེང་བོད་ལྗོངས་ཞེས་པ་འགོད་འདོད་ཡོད་ལ། བོད་ཀྱི་རིག་གནས་གསར་གཏོད་ཚོང་རྟགས་ལ་དབང་བ་ཞིག་གསར་འཛུགས་བྱེད་རྒྱུ་ནི་དེ་ལས་ཀྱང་གལ་ཆེར་བཟུང་ཡོད་ཟེར། དབྱར་ལྭ་སྟོང་ཐུང་ནི་ཁོས“GAKAGA”རིག་གནས་ཚོང་རྟགས་གསར་འཛུགས་བྱས་པའི་འོག་གི་ཇུས་འགོད་རྣམ་གྲངས་དང་པོ་ཡིན་པ་རེད།
ཨ་འཇམ།
ཨ་འཇམ་ནི1985ལོར་བོད་ལྗོངས་ཆབ་མདོ་ནས་སྐྱེས། ཁོས་བཤད་རྒྱུར། དབྱར་ལྭ་སྟོད་ཐུང་གི་ཇུས་འགོད་འདི་ནི་ཁོས་སྒོར་མོའི་ཆེད་དུ་མ་ཡིན་པར་དེ་ལ་དགའ་བ་དང་རྩེད་ཆས་ཀྱི་ཕྱིར་དུ་ཡིན་ཟེར། དེ་མ་ཟད་སློབ་ཆེན་བརྒྱུད་པའི་ཉམས་མྱོང་དང་ད་ལྟ་གཉེར་བཞིན་པའི་ལས་ཀའི་ངོ་བོ་བཅས་ལ་ཡང་འབྲེལ་བ་ཆེན་པོ་ཡོད་ཅེས་དྲང་མོར་བཤད་བྱུང་། 2003ལོར་ཁོས་ཕ་ཡུལ་ནས་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། སློབ་གྲྭ་དེར་སློབ་མའི་ཚོགས་པ་གང་མང་ཞིག་ལ་ཞུགས་མྱོང་། སློབ་མའི་ཚོགས་པ་དེ་དག་ལོ་རེར་བྱེད་སྒོ་གང་མང་སྤེལ་བར་བྲེལ་ལ། ཚོགས་པའི་ལས་ཀ་ཚང་མ་སློབ་མ་རང་གིས་རང་རྐྱ་འཕེར་བར་བསྒྲུབ་དགོས་པ་རེད། ཚོགས་པའི་ནང་དུ་ཡོད་དུས། ཨ་འཇམ་གྱིས་ཐོག་མར་ཇུས་འགོད་མཉེན་ཆས་བཀོལ་སྤྱོད་བྱེད་ཤེས་པ་ནས་བཟུང་ཚོགས་པར་བརྡ་ཁྱབ་སྒྲིག་བཟོ་བྱེད་འགོ་བརྩམས། 2007ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས་ཁོས་པེ་ཅིང་གི་ཀུང་སི་ཞིག་ཏུ་ཚོང་རའི་སྐོར་གྱི་བྱ་བ་གཉེར་ནས་བསྡད། ལས་ཀ་དེ་ནི་གསར་གཏོད་དང་འབྲེལ་བ་དམ་པོ་ཡོད་པའི་ལས་རིགས་ཤིག་ཡིན་སྟབས་ནམ་ཡིན་ཡང་གསར་གཏོད་ཀྱི་རིག་པ་ལྷོད་གཡེང་མེད་པར་གཅིག་ཏུ་སྒྲིམ་དགོས། དུས་མཚུངས་སུ་ལས་ཀའི་ཁྲོད་དུ་མཚམས་སྦྱོར་ཀུང་སི་དང་རི་མོ་མཁན་ཨང་དང་པོ་བ་གང་མང་ཞིག་ལ་ཡང་འབྲེལ་འདྲིས་བྱེད་ཐུབ་པའི་སྐལ་བ་བྱུང་བས།ཨ་འཇམ་རང་སྔར་མེད་ཀྱི་བསམ་གཞིགས་ལས་བྱུང་བའི་རིག་གནས་ལ་དགའ་ཞེན་ཆེ་བའི་འདུན་པ་སྔར་བས་ཇེ་དྲག་ཏུ་སོང་བ་དང་།ཇུས་འགོད་ཀྱི་ནུས་པ་ལ་ཡང་ཡར་བསྐྱེད་ཆེན་པོ་བྱུང་།
ལི་ཞའོ་ལུང་གིས་བོད་སྐད་བཤད་པ།
2011ལོར་ཨ་འཇམ་གྱིས་“GAKAGA”ཚོང་རྟགས་བཙུགས། ཁོས“GAKAGA”དེ་ཉིད་དར་སྲོལ་ཤིན་ཏུ་ཆེ་བའི་རིག་གནས་དང་ཚོང་ལས་ཟུང་ལྡན་ཅན་གྱི་ཚོང་རྟགས་ཤིག་ཏུ་འཕེལ་བའི་རེ་བ་བཅངས་ཡོད། འདེགས་སྐྱོར་ལྟ་བུའི་ཚོང་རྟགས་འདི་ལ་ཆེས་མེད་དུ་མི་རུང་བ་ནི་བོད་ཀྱི་རིག་གནས་ཡིན་པ་སྨོས་ཅི་དགོས། ཁོའི་ཇུས་འགོད་ལ་མཚོན་ན། ཟུར་ངོས་གསར་བ་ཞིག་ནས་ས་གནས་རང་གི་རིག་གནས་ལ་ཤེས་རྟོགས་བྱེད་དུ་འཇུག་འདོད་པ་ཡིན་པས།དེ་ལ་སྤྲོ་སྣང་གི་ཆ་དགོས་པ་ལས་ཡིད་མུག་གི་ཆ་རང་ཡལ་དུ་འགྲོ་དགོས་པ་ཡིན།
བོད་ཀྱི་ལོ་རབས་གསར་བའི་ན་གཞོན་ཞིག་ཡིན་པའི་ཆ་ནས་ཁོས་བོད་ཀྱི་རིག་གནས་ལ་གོ་བ་བླངས་པ་ཧ་ཅང་དེང་རབས་དང་གཏིང་ཟབ་པ་ཡིན། ཁོས་འདི་སྐད། ལོ་རེའི་གུང་གསེང་བཏང་རྗེས་ཕ་ཡུལ་ལ་ལོག་ཐེངས་རེར་བོད་ལྗོངས་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བའི་གོམ་སྟོབས་དེ་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་དང་། ཚོང་ལས་བྱེད་སྒོ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རིག་གནས་ཕྱོགས་ཀྱི་ཐོན་རྫས་ཀྱི་དགོས་མཁོ་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། ཡིན་ནའང་ད་ལྟ་བོད་ཀྱི་རིག་གནས་ཕྱོགས་ཀྱི་ཐོན་རྫས་མཁོ་འདོན་བྱེད་པའི་ཚོང་རའི་ཆུ་ཚད་ད་དུང་དམའ་བས་དར་ཤུགས་དེ་འདྲ་ཆེ་རྒྱུ་མི་འདུག་ཟེར། ཁོའི་བསམ་པར།བོད་ཀྱི་རིག་གནས་དེ་གནས་སྐབས་སུ་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ཚད་ལ་སླེབས་མེད། བོད་ལྗོངས་སུ་མིང་དོན་མཚུངས་པའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་ནི་ཡུལ་སྐོར་ལས་གཞན་ད་དུང་བོད་སྨན་གྱི་ཕྱོགས་དེའང་ཡིན་སྙམ། ངའི་སྐད་ཆ་འདིར་ཅུང་ཁ་ཕོ་ཆེ་དྲགས་ན་ཡང་། ད་ཆ་དོན་དམ་དུ་ཀུན་གྱིས་ཁས་ལེན་བྱེད་མིན་ནི། མི་གང་ཞིག་གིས་དངུལ་ལོར་བཏང་ནས་དངོས་པོ་དེ་ཉོ་འདོད་ཡོད་མིན་ལ་རག་ལས་པ་དེ་རེད། དེ་ནི་ངའི་སེམས་ནང་གི་རིག་གནས་ཡིན་ཟེར། ཡང་བཤད་རྒྱུར། བོད་ལྗོངས་ལ་ཡུན་རིང་པོའི་ལོ་རྒྱུས་ལྡན། བོད་ལྗོངས་ལ་ལྟ་སྐོར་བྱེད་ཆེད་དངུལ་ལོར་འབོར་ཆེན་བཏང་ནས་ཕེབས་མཁན་ཧ་ཅང་མང་། ཁོང་ཚོས་རི་ཆུའི་མཛེས་ལྗོངས་དང་། ཆོས་ལུགས་དགོན་སྡེ་སོགས་ལ་ལྟ་སྐོར་བྱེད་པ་རེད། དེ་དག་ལས་མང་ཤོས་ནི་མེས་པོ་རྣམས་ཀྱིས་རྔུལ་ཁྲག་ལས་བསྐྲུན་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱུ་ནོར་ལོངས་སྤྱོད་དེ་དག་ཡིན་པ་རེད། དེར་བརྟེན་ད་ཆ་ད་དུང་ཡང་རི་ཆུ་ལ་ལུང་བརྒལ་ནས་གནས་འདིར་དངུལ་ལོར་བཏང་ནས་ལྟ་སྐོར་བྱེད་མཁན་མང་པ་ཡང་དེ་དོན་ཡིན། ཡིན་ན་ཡང་བོད་ལྗོངས་ཀྱི་དེང་རབས་པ་རྣམས་ཀྱིས་ད་དུང་རྒྱུན་འབྱམས་སུ་སོང་བའི་སྔོན་ཆད་ཀྱི་དངོས་པོ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། དོན་ངོ་མས་བོད་ཀྱི་རིག་གནས་གསར་གཏོད་དང་འཕེལ་རྒྱས་བཏང་ནས་མི་སེམས་འགུལ་དུ་འཇུག་ཐུབ་པ་ཞིག་ད་དུང་ཡང་ཧ་ཅང་ཉུང་ཟེར།
“GAKAGA”ཚོང་རྟགས་ཀྱི་དྲ་ངོས།
ཨ་འཇམ་གྱིས་འདི་སྐད།རང་ཉིད་ཀྱིས་ལས་འདོད་པ་ནི་ས་གནས་རང་གི་རིག་གནས་གསར་གཏོད་ཀྱི་ཚོང་རྟགས་ཤིག་ཡིན། ལས་རིགས་འདི་རིགས་གསར་གཏོད་བྱེད་པ་ལ་མ་དངུལ་གྱི་ཐད་ནས་ཚོད་འཛིན་བྱེད་མི་དགོས་པས།དུས་ཚོད་དང་། ཉམས་མྱོང་མང་པོ་བསགས་ཆོག་པ་ཡིན། འོན་ཀྱང་དུས་ཚོད་རིང་པོ་ཞིག་གི་ནང་དུ་དེ་འདྲའི་སྤྲོ་སེམས་མུ་མཐུད་ནས་རྒྱུན་བསྐྱངས་ཐུབ་མིན་ནི་བྱ་བ་འདིའི་ཆེས་གནད་འགག་ཡིན། མི་གང་ཞིག་གསོན་པོར་གནས་པའི་དོན་ནི། ངོ་མཚར་ཡིད་འོང་གི་དངོས་པོ་ལེགས་པོ་གསར་བསྐྲུན་བྱས་ཏེ་ཁོར་ཡུག་གི་འཇིག་རྟེན་ལ་སྤྲོ་སྣང་ཞིག་སྦྱིན་ཐུབ་པ་བྱེད་རྒྱུ་དེ་ཡིན་ཟེར།