logo

བོད་ལྗོངས་ལྷོ་ཁའི་ཡུལ་ནས་སྣམ་བུ་འཐག་སྟེ་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བཟོ་བའི་ཉིན་རེའི་ཚགས་པར།   དུས་ཚོད།:2011-07-02 ཀློག་གྲངས།:

            སྣམ་བུ་ཟེར་བ་ནི་ཅི་ཞིག་ཡིན། མི་མང་པོ་ཞིག་འདིར་རྒྱུས་མངའ་ཅུང་ཟད་ཀྱང་མེད་མོད། ཡིན་ནའང་བོད་རིགས་སྤུན་ཟླར་ཆ་མཚོན་ན། འདི་ནི་ཁོང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་ཤིག་ཡིན། གསར་འགོད་པས་ལྷོ་ཁའི་གྲ་ནང་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྣམ་བུ་ནི་ལག་པས་འཐག་པའི་ལུག་བལ་གྱི་དངོས་པོ་ཞིག་ཡིན་ལ། དེས་བལ་གོས་དང་། ས་གདན། ཕྲག་འགེབ། ཁ་གདན་སོགས་བཟོ་ཆོག་གི་ཡོད། ཉེ་བའི་ལོ་འགའི་རིང་། སྣམ་བུ་འཐག་པ་ནི་རྫོང་འདི་གའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེས་གྲ་ནང་རྫོང་གི་མི་དམངས་རྣམས་ཕྱུག་འགྱུར་གྱི་ལམ་བུར་འཁྲིད་ཀྱིན་ཡོད་པ་མ་ཟད། ད་དུང་བདེ་སྐྱིད་འཚོ་བའི་ལམ་དུའང་འཁྲིད་བཞིན་ཡོད། 
            གྲ་ནང་རྫོང་གི་ཉི་འོད་སྣམ་བུ་བཟོ་གྲྭའི་འཐག་ཁང་ནང་དུ་སྣམ་བུ་འཐག་པའི་སྒྲ་བར་མེད་དུ་གྲག་འོངས་ཤིང་།ལས་བཟོ་བ་བཅུ་ཕྲག་ཁ་ཤས་ཀྱིས་ཤིང་ལས་བྱས་པའི་འཐག་ཁྲིའི་གམ་དུ་སྣམ་བུ་འཐག་པར་བྲེལ་བཞིན་ཡོད། བུད་མེད་ཅིག་གིས་ལག་པ་ཡ་གཅིག་ནང་ལ་གྲུ་དབྱིབས་ཀྱི་གྲ་མོ་བཟུང་ཞིང་།ལག་པ་ཡ་གཅིག་ནང་རྩིས་གཞུང་དང་འདྲ་བའི་འཐག་བཟུང་སྟེ་ལག་གཉིས་གཡས་གཡོན་མདུན་རྒྱབ་སྐྱེན་པོར་བསྒྱུར་བ་དང་ཆབས་ཅིག རྐང་བས་གནོན་ཐེབས་མནན་ནས་སྙོམ་སྒྲིག་བྱེད་ཀྱི་ཡོད། བརྒྱུད་རིམ་འདིའི་མུར། སྣམ་བུ་རིམ་གྱིས་འཐག་ནས་གྲུབ་པ་རེད།
            གྲ་ནང་རྫོང་གི་རྫོང་གཙོ་གཞོན་པ་ཟླ་བ་འབྲུག་གྲགས་ལགས་ཀྱིས་མཚམས་སྦྱོར་བྱས་དོན། གྲ་ནང་རྫོང་ནི་ཡར་ཀླུང་གཙང་པོའི་དཀྱིལ་དབུས་སུ་ཆགས་ཤིང་། འདིར་མཚོ་ངོས་ལས་རྨི3600ཡིས་མཐོ་བས་སྣམ་བུའི་ཕ་ས་ཞེས་པའི་སྙན་གྲགས་ཡོད། གནས་འདིར། ཕལ་ཆེར་ཁྱིམ་རེ་རེར་སྣམ་བུ་འཐག་ཆས་ཡོད་ལ་མི་རེ་རེས་སྣམ་བུ་འཐག་ཤེས་ཀྱི་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུའི་རིང་། རྫོང་འདིའི་མི་རིགས་ལག་ཤེས་བཟོ་ལས་མགྱོགས་མྱུར་ཏུ་འཕེལ་རྒྱས་ཕྱིན་ཅིང་། ད་ལྟ་ཞིང་པའི་ཕྱུག་འགྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
           སྤྱི་ལོ2010ལོར། གྲ་ནང་རྫོང་དུ་མི་རིགས་འཁལ་འཐག་ལས་རིགས་ཀྱི་ལས་ཀ་བགྱི་བའི་མི5206ལ་སླེབས་ཤིང་། འཐག་ཆས4635དང་།ལོ་རེའི་ཐོན་ཚད་ཐགས་འགོ་ཁྲི6ལ་སླེབས། ད་དུང་ལོ་རེའི་ཡོང་འབབ་སྒོར་ཁྲི3150དང་།མི་རེའི་ལོ་རེའི་ཡོང་འབབ་སྒོར6050. 71ལ་སླེབས་ཡོད།
            ཉི་འོད་སྣམ་བུ་བཟོ་གྲྭའི་རིན་ཆེན་གྱིས“ང་ཚོའི་བཟོ་གྲྭར་ད་ལྟ་གཏན་འཁེལ་གྱི་བཟོ་བ60ཡོད་ལ་ཚང་མ་ཤང་དང་གྲོང་རྡལ་གྱི་མི་རང་ཡིན་ཞིང་། ཁོང་ཚོས་འདིར་སྣམ་བུ་འཐག་གི་ཡོད།ལག་རྩལ་གྱི་བྱང་ཆ་ལྟར་མི་རེ་རེའི་ཟླ་རེའི་གླ་ཕོགས་ཀྱང་སྒོར900ནས་སྒོར1800བར་མི་འདྲ་བ་ཡིན།” གསུངས། 
            ཉི་འོད་སྣམ་བུ་བཟོ་གྲྭ་ནི2005ལོར་བཙུགས་ཤིང་། སྤྱི་ལོ2008ལོའི་ཟླ12པར་གྲ་ནང་རྫོང་གི་མི་རིགས་ལག་ཤེས་བཟོ་ལས་ཁུལ་དུ་སྤར། གཙོ་བོ་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་སྣམ་བུ་ཐོན་སྐྱེད་བྱེད་པ་ཡིན། ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་བོར་ལག་ཤེས་བཟོ་རྩལ་བེད་སྤྱད་པས་ན་ལྗོངས་རྒྱུ་བས་དགའ་བོ་ལྷག་ཏུ་བྱེད་ཀྱི་ཡོད། བཟོ་གྲྭ་འདིས་ལྷོ་ཁ་ས་ཁུལ་གྱི་མང་ཚོགས་ཀྱི་འཐག་བཟོའི་ལག་རྩལ་གསབ་སྦྱོང་བྱེད་འགན་འཁུར་པ་མ་ཟད། གསབ་སྦྱོང་གི་དུས་ཚོད་ནི་ཟླ1ནས6པའི་བར་ཡིན། མིག་སྔའི་བར་དུ་མི800ལྷག་བསྐྱེད་སྲིང་བྱས། ཚང་མས་སྣམ་བུའི་ལག་རྩལ་ཁོང་དུ་ཆུད་རྗེས་སུ། སོ་སོའི་ཁྱིམ་ནས་འཐག་ལས་བྱས་ཏེ་མཐའ་མར་བཟོ་གྲྭས་མི་མངག་ནས་མངགས་ཉོ་བྱེད་ཀྱི་ཡོད། སྤུས་ཚད་ལ་མཐོ་དམན་རིགས་གསུམ་དུ་ཕྱེས་ཤིང་། དེ་རྗེས་བཟོ་གྲྭས་ཕྱིར་འཚོང་གི་འགན་འཁུར་གྱི་ཡོད། ཀུང་སི་དང་། གནས་གཞི། ཞིང་སྡེ་དབར་གྱི་ཐོན་སྐྱེད་རྣམ་པ་འདིས་མི་རིགས་ལག་ཤེས་བཟོ་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་དུ་བསྒྱུར་བ་མ་ཟད། ད་དུང་ཞིང་བ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུའང་འཁྲིད་བཞིན་ཡོད་པ་རེད།
            གྲ་ནང་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དབྱི་ཁྲའོ་ཧའེ་ཡིས“བཟོ་གྲྭའི་ཐོན་རྫས་ཀྱི80﹪ཡི་འཚོང་ཡུལ་བོད་ལྗོངས་རང་ས་ཡིན།  རྒྱུ་རྐྱེན་གཙོ་བོ་ཡང་བོད་རིགས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བར་སྤྱོད་པ་ཤོས་ཆེ་བའི་རྐྱེན་གྱིས་ཡིན།འོན་ཀྱང་ཁག་ཅིག་ནི་འཇར་པན་དང་། ཁན་ན་ཊ། རྒྱ་གར། བལ་བོ་སོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད།”ཅེས་གསུངས། 
            ལོ་འདི་དག་གི་རིང་ལ། ལྷོ་ཁ་ས་ཁུལ་གྱིས་མི་རིགས་ལག་ཤེས་བཟོ་ལས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་། གྲ་ནང་རྫོང་ཕུད་པའི་གོང་དཀར་རྫོང་རྒྱལ་ལྡེ་ཤང་གྲོང་བརྡལ་སོགས་ཀྱི་ས་ཁུལ་དུ། པང་གདན་དང་སྣམ་བུའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་མ་ཟད། མི་རིགས་ལག་ཤེས་བཟོ་ལས་ཀྱིས་ལྗོངས་རྒྱུ་ཐོན་དངོས་གསར་གཏོད་བྱེད་པར་ཕན་པ་རྒྱ་ཆེན་པོ་བསྐྲུན། དེས་ས་དེ་གའི་ཞིང་བའི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་པས་རོང་འབྲོག་དམངས་ཚོགས་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་ལམ་བུ་གཙོ་བོར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།