logo

བོད་ཀྱི་ས་གདན་ཐོན་ལས་འདི་རྒྱལ་སྤྱིའི་ཚོང་རའི་ཁྲོད་དུ་གོ་གནས་བརྩོན་ལེན་བྱེད་དགོས་པ།

རྩོམ་པ་པོ།:བཀྲ་འདུལ།   ཡོང་ཁུངས།:ཤིན་ཧྭ་གསར་འགྱུར་དྲ་བ། དུས་ཚོད།:2011-06-27 ཀློག་གྲངས།:


མཚོ་སྔོན་བོད་ཀྱི་ས་གདན།

            ཉེ་བའི་ལོ་འགའི་རིང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཀྲུང་གོའི་བོད་ཀྱི་ས་གདན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ལས་རིགས་ནང་ཁུལ་ནས་དོ་སྣང་ཆེན་པོ་བྱས་པ་རེད། བོད་ཀྱི་ས་གདན་གྱི་འབྱུང་ཁུངས་སུ་གྱུར་བའི་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་སྐབས་བརྒྱད་པ་ཟླ6པའི་ཚེས23ཉིན་དངོས་སུ་མཇུག་བསྡུས་ཤིང་། རྒྱལ་ཁབ་དང་ས་ཁུལ། རྒྱལ་ནང་གི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་30དང་ཁེ་ལས་ཕྱོགས་ཀྱི་མི་སྣ4000ལྷག་གིས་ཉིན་བཞིའི་རིང་ས་གདན་ཐོན་ལས་ཀྱི་མཉམ་ལས་དང་འཕེལ་རྒྱས་སྐོར་ནས་བགྲོ་གླེང་གནང་བ་རེད། 
            འགྲེམ་ཚོགས་སུ་ཞུགས་པར་གདན་འདྲེན་ཞུས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ལས་རིགས་ནང་ཁུལ་གྱི་མི་སྣའི་དགོངས་འཆར་ལྟར་ན། བོད་ཀྱི་ས་གདན་ནི་རང་རྒྱལ་གྱི་ས་ཁོངས་ཁྱད་ཆོས་མངོན་གསལ་ལྡན་པའི་ཐོན་ལས་དཔལ་འབྱོར་གྱི་“མཚན་བྱང་”ལྟ་བུར་གྱུར་ཞིང་། ཀྲུང་གོའི་བོད་ཀྱི་ས་གདན་ཐོན་ལས་ཀྱིས་རྒྱལ་སྤྱིའི་ཚོང་རའི་ཁྲོད་ཀྱི་གོ་གནས་གསར་བ་འཚོལ་བར་རྨང་གཞི་འདིང་ཐུབ་ཡོད་མོད། འོན་ཀྱང་ད་ལྟ་ཐོན་ལས་རང་སྟེང་གི་སྤྱིའི་འགྲན་ཤུགས་མཐོར་འདེགས་གཏོང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

གནའ་བོའི་མི་རིགས་ལག་ཤེས་བཟོ་ལས་དེ་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་གྱུར་པ། 
            བོད་ཀྱི་ས་གདན་ནི་མཚོ་བོད་མཐོ་སྒང་གི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཡིན་ལ། ལུག་བལ་གྱིས་མ་བཅོས་རྒྱུ་ཆ་བྱས་ཤིང་རྩི་ཤིང་གིས་ཚོན་རྩི་བྱུགས་ཏེ་ལག་པས་འཁེལ་འཐག་བྱས་ནས་བཟོས་པས། བལྟས་ན་མིག་ལ་མཛེས་ཤིང་བཀོལ་ན་སྤྱོད་སྒོ་ཆེ་བ་ཡིན། དུས་རབས་སྔོན་མའི་དུས་དཀྱིལ་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་སོག་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ནུ་སྨི་ཧུང་ས་ཁུལ་གྱི་གནའ་བོའི་དུར་ས་ནས། མིང་ལ་“མའོ་ཞི་”ཟེར་བའི་ས་གདན་དུམ་བུ་ཞིག་རྙེད་ཅིང་། ཁུངས་འཚོལ་ར་སྤྲོད་བྱས་པ་ལྟར་ན། དེ་ནི་ལོ་ངོ2000ཡར་སྔོན་གྱི་བོད་ཀྱི་ས་གདན་གྱི་ཐོག་མའི་རྣམ་པ་ཡིན་པ་རེད། དེ་བས། མཚོ་སྔོན་ནི་“བོད་ཀྱི་ས་གདན་གྱི་ཕ་སར་”ངོས་འཛིན་བྱེད་བཞིན་ཡོད། 
            བོད་ཀྱི་ས་གདན་གྱི་འབྱུང་ཁུངས་མཚོ་སྔོན་ཡིན་ཡང་། ས་གདན་བཟོ་བའི་ལས་རིམ་རྙོག་འཛིང་ཆེ་ཞིང་ཐོན་སྐྱེད་གཞི་རྒྱ་ཆུང་བ་སོགས་ཀྱི་དབང་གིས། འདས་པའི་ལོ་མང་པོའི་རིང་འབྲོག་ཁུལ་གྱི་འཁེལ་འཐག་བྱེད་གནས་དང་ཞིང་པའི་ར་སྐོར་ཆུང་ཆུང་ཙམ་གྱི་ནང་དུ་འཁེལ་འཐག་བྱས་པ་རེད། 2003ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་ཐད་ཀྱི་དགེ་མཚན་དང་ས་ཁོངས་རིག་གནས་བེད་སྤྱད་དེ་བོད་ཀྱི་ས་གདན་ཐོན་ལས་དར་སྤེལ་བཏང་བ་དང་། རོགས་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ཤིང་གནའ་བོའི་ལག་ཤེས་བཟོ་ལས་འདི་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་བསྐྱལ་ཏེ། ཐོན་ལས་རང་བཞིན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་དུ་འཇུག་པར་བྱས་དང་བྱེད་བཞིན་ཡོད་པ་རེད། 
            མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང(湟中县)གི་ཀྲུང་གོའི་བོད་ཀྱི་ས་གདན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་རྒྱུད་འཛིན་པ་དབྱང་ཡུང་ལིའང་གིས་གསར་འགོད་པར་གསུངས་པ་ལྟར་ན། ཁོང་གི་བོད་ཀྱི་ས་གདན་བཟོ་བའི་ལག་རྩལ་ཁོང་གི་སྤོ་བོས་ཁོང་ལ་ཁྲིད་པ་ཡིན་ཞིང་། སྲོལ་རྒྱུན་གྱི་ལག་བཟོའི་ས་གདན་གྲུ་བཞི་མ་སྨི་ཕྱེད་ཙམ་བཟོ་བར་དུས་ཚོད་ཟླ་བ་གཅིག་དགོས་མོད། ད་ལྟ་འཁེལ་འཐག་པ་དང་བཟོ་གྲྭ་མང་ཆེ་བས་འཁེལ་འཐག་འཕྲུལ་ཆས་གསར་བ་བེད་སྤྱོད་བཞིན་ཡོད་པས། ལས་རིམ་སྟབས་ཇེ་བདེ་དང་རིགས་ཇེ་མང་དུ་བཏང་ལ། ས་གདན་བཟོ་བའི་མྱུར་ཚད་མགྱོགས་ཤིང་སྤུས་ཀ་ལེགས་པའི་ས་གདན་ཐོན་ཐུབ་ཀྱིན་ཡོད་པ་རེད།


ཕྱི་རྒྱལ་གྱི་ཚོང་བས་ཉོ་མཁན་ལ་རང་གི་ཐོན་རྫས་སྟོན་བཞིན་པ།

            ཟི་ལིང་གྲོང་ཁྱེར་ཨེར་ཧྲི་ལི་གྲོང་རྡལ་གྱི་མི་སེར་ཀྲང་ཧྥ་ལན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་མི་སེར་རྣམས་ས་གདན་བཟོ་བའི་ལས་རིགས་སུ་ཞུགས་པར་སྐུལ་སློང་བྱས་ཤིང་། ཁེ་ལས་ཀྱིས་སྡེ་བའི་ནང་དུ་ལས་ཀ་བསྒྲུབ་གནས་བཙུགས་པ་མ་ཟད་ལག་རྩལ་ཐད་ནས་མཛུབ་སྟོན་པ་མངགས་པ་དང་། བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་པར་“ཀུང་སི་+ཞིང་པའི་ཁྱིམ་ཚང་”གི་རྩ་འཛུགས་རྣམ་པའི་ཚུལ་དུ་བོད་ཀྱི་ས་གདན་ཐོན་སྐྱེད་བྱས་པའི་གྲངས་ཀ་དང་སྤུས་ཚད་མཐོར་འདེགས་ཡོང་བར་བྱས་ཤིང་ཚོང་ལམ་རྒྱ་ཇེ་ཆེར་བཏང་བ་རེད། ཨེར་ཧྲི་ལི་གྲོང་ཚོའི་མི40ལྷག་ཁེ་ལས་ཀྱི་གླ་བར་གྱུར་ཡོད་ཅིང་། མི་རེ་ལ་ཟླ་རེར་ཕལ་ཆེར་སྒོར1000གི་ཡོང་སྒོ་ཡོད་པ་རེད། 
            ཀྲུང་གོའི་བོད་ཀྱི་ས་གདན་ལྷན་ཚོགས་ཀྱི་ཚོགས་གཙོ་ཝང་ཅིང་ཕིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཀྱི་ས་གདན་དེ་འཛམ་གླིང་གི་ལག་བཟོའི་ས་གདན་ཁྲོད་དུ་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ཆེས་ཆེར་ལྡན་ལ། མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེངས་རབས་ཀྱི་དར་སྲོལ་གཞི་གཅིག་ཏུ་འབྲེལ་ཞིང་། བོད་ཀྱི་ས་གདན་ཐོན་ལས་ཀྱིས་འཛམ་གླིང་ཚོང་རའི་ཁྲོད་དུ་གོ་གནས་ངེས་ཅན་བཟུང་ཡོད།  གནས་ཚུལ་དེ་གཞིར་བཟུང་ན། མཚོ་སྔོན་གྱིས་བསྟུད་མར་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་བརྒྱད་སྤེལ་ཞིང་། རང་རྒྱལ་གྱི་བོད་ཀྱི་ས་གདན་གྱི་སྙན་གྲགས་རྒྱས་པར་བཟོས་ལ་ཐོན་སྐྱེད་དང་ཕྱིར་འཚོང་གི་གཞི་རྒྱ་ཇེ་ཆེར་བཏང་།   མིག་སྔར། མཚོ་སྔོན་བོད་ཀྱི་ས་གདན་རིགས་ཆེན་པོ15དང་ཐོན་རྫས་རིགས84རུ་འཕར་ཡོད་ལ། རི་མོ་དང་སྣ་ཁ་མི་མཐུན་པ་སྟོང་ལྷག་ཡོད་པ་རེད། 
            མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་བསྡོམས་རྩིས་བྱས་པ་ལྟར་ན། འགྲེམ་ཚོགས་བསྡུས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ལག་བཟོ་དང་འཕྲུལ་ཆས་ཀྱིས་བཟོས་པའི་བོད་ཀྱི་ས་གདན་དང་སྲིང་སྐུད་འཐག་མའི་ཐོན་སྐྱེད་ནུས་ཤུགས་ལོ་རེར48.7%འཕར་བཞིན་ཡོད། “ བོད་ལུག་”དང་“ཧྲེང་ཡོན་”སོགས་ཚོང་རྟགས་ཅན་གྱི་བྱེད་ནུས་མངོན་པར་གསལ་བཞིན་ཡོད་ལ། ཟུར་སྦྱོར་དངོས་རྫས་ལ་ལས་སྣོན་བྱེད་པ་དང་ཐོན་རྫས་ཚོང་རར་བཙོང་བ། མཚམས་སྦྱོར་གྱི་ཞབས་ཞུ་སྒྲུབ་པ་བཅས་གཞི་གཅིག་ཏུ་གྱུར་བའི་ཐོན་ལས་རང་བཞིན་ཅན་གྱི་ཐོན་སྐྱེད་རྣམ་པ་རྩ་བའི་ཆ་ནས་གྲུབ་པ་དང་། མཚོ་སྔོན་ནི་རང་རྒྱལ་གྱི་བོད་ཀྱི་ལག་བཟོའི་ས་གདན་ཐོན་སྐྱེད་དང་ཕྱིར་འཚོང་བྱ་སའི་གནས་གཞི་ཆེས་ཆེ་བར་གྱུར་ཡོད།

དགེ་མཚན་ཆེན་པོ་བཞི་ཡིས་མཚོ་སྔོན་རང་རྒྱལ་གྱི་བོད་ཀྱི་ས་གདན་ཐོན་ལས་ཀྱི་ལྟེ་བར་འགྱུར་བར་མཐུན་རྐྱེན་བསྐྲུན་པ།

            བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་གྱི་བོད་ཀྱི་ས་གདན་ཐོན་ཚད་ཀྱིས་རྒྱལ་ཡོངས་ཐོན་ཚད་ཀྱི90%ཡན་ཟིན་ཞིང་། 2010ལོར་ཕྱིར་གཏོང་གི་ཡོང་འབབ་ཨ་སྒོར་ཁྲི3753ཡིན་ལ། དེས་རྒྱལ་ཡོངས་ཀྱི་ལག་བཟོའི་ས་གདན་གྱི30%ཟིན་ཡོད།  བོད་ཀྱི་བལ་འཐག་ས་གདན་ཁེ་ལས་ཀྱིས་ཕྱིར་གཏོང་བྱས་པའི་སྤྱིའི་སྒོར་གྲངས་དུང་ཕྱུར9.48ལ་སླེབས་ཤིང་། 37.7%འཕར་ཡོད་པ་རེད། དེའི་རྨང་གཞིའི་སྟེང་དུ། མཚོ་སྔོན་ལ་མ་བཅོས་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས། ས་གདན་གྱི་འབྱུང་ཁུངས། མི་རིགས་རིག་གནས་དང་སྲིད་ཇུས་ཁོར་ཡུག་སོགས་དགེ་མཚན་ཆེན་པོ་བཞི་ལྡན་ལ། ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་ “འཛམ་གླིང་གི་བོད་ཀྱི་ས་གདན་གྲོང་ཁྱེར”དུ་སྐྲུན་པར་དངོས་ཡོད་ཀྱི་ཆ་རྐྱེན་མཁོ་སྤྲོད་བྱས་ཡོད་དེ། 
            གཅིག་ནས་མ་བཅོས་རྒྱུ་ཆའི་ཐད་ནས་དགེ་མཚན་ལྡན་པ།   མཚོ་སྔོན་མཐོ་སྒང་གི་འབྲོག་ཁུལ་ནས་ཐོན་པའི་“ཟི་ལིང་གི་བལ་དཀར”གྱི་ཚི་སྣ་སྦོམ་ཞིང་རིང་ལ་ལྡེམ་ཤུགས་དང་འོད་མདངས་ལྡན་པས། དེ་ནི་རྒྱལ་སྤྱིའི་ས་གདན་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཚང་མས་ཁས་ལེན་པའི་ས་གདན་གྱི་མ་བཅོས་རྒྱུ་ཆ་ལེགས་ཤོས་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་དུ་ལོ་རེར་ལུག་བལ་ཏུན་ཁྲི2ཙམ་ཐོན་ཐུབ་པ་དང་། བོད་ཀྱི་ས་གདན་ལེགས་གྲས་ཐོན་སྐྱེད་བྱེད་པར་མ་བཅོས་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་སྤྲོད་བྱེད་བཞིན་ཡོད་པ་རེད། 
            གཉིས་ནས་ངལ་རྩོལ་ནུས་ཤུགས་ཐད་ནས་དགེ་མཚན་ལྡན་པ། བོད་ཀྱི་ས་གདན་ལས་རིགས་ནི་ངལ་རྩོལ་ཞིབ་ཚགས་རང་བཞིན་ལྡན་པའི་ཐོན་ལས་ཀྱི་ཁོངས་སུ་གཏོགས་ཤིང་། མཚོ་སྔོན་གྱི་ངལ་རྩོལ་ནུས་ཤུགས་ཀྱི་རིན་གོང་དམའ་བའི་སྟབས་ཀྱིས་ཚོང་རའི་འགྲན་རྩོད་ཀྱི་ཆ་ནས་དགེ་མཚན་ལྡན་པ་ཡིན། 
            གསུམ་ནས་བོད་ཀྱི་ས་གདན་གྱི་ཐོག་མའི་འབྱུང་ཁུངས་དང་རིག་གནས་རྒྱབ་ལྗོངས་ཐད་ནས་དགེ་མཚན་ལྡན་པ། བོད་ཀྱི་ས་གདན་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཡིན་ལ། རི་མོ་དང་ཚོན་མདོག་གང་གི་ཆ་ནས་ཀྱང་བོད་མི་རིགས་ཀྱི་འཛུགས་སྐྲུན་ལ་མཛེས་རྒྱན་སྤྲས་སྟངས་དང་བོད་བརྒྱུད་ནང་བསྟན། རེབ་གོང་སྒྱུ་རྩལ། ཐང་ཀའི་ཚོན་མདངས་སྒྱུ་རྩལ་སོགས་མངོན་པར་མཚོན་ཡོད། མཚོ་སྔོན་དུ་བོད་རིགས་ཀྱི་མི་གྲངས་མང་ཞིང་མི་རིགས་རིག་གནས་ཀྱི་རྫོང་མཐུག་པས། བོད་ཀྱི་ས་གདན་གྱི་རིག་གནས་རིན་ཐང་དང་སྒྱུ་རྩལ་ཆུ་ཚད་མཐོར་འདེགས་ཡོང་བར་ནམ་ཡང་མཐུན་རྐྱེན་བཟང་པོ་སྐྲུན་ཐུབ་པ་རེད། 
            བཞི་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པའི་དགེ་མཚན་ལྡན་པ།   ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་ཐོན་ལས་ཤིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས2003ལོ་ནས་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་པ་དང་། བོད་ཀྱི་ས་གདན་ཐོན་རྫས་ཀྱིས་སྲོག་སྙིང་དང་བོད་ཀྱི་ས་གདན་ཐོན་ལས་ཀྱིས་གཙོ་འཁྲིད་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཁག་ཅན་གྱི་བོད་ཀྱི་ས་གདན་ཁེ་ལས་སྐྱོང་བ་དང་། ཐོན་ཁུངས་ལེགས་སྒྲིག་དང་ཐོན་ལས་ཀྱི་འབྲེལ་རྒྱུན་ཆེ་རུ་བསྐྱེད་དེ་འབྲེལ་ཡོད་ཐོན་ལས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་རིག་ལམ་དེས། ཟི་ལིང་དེ་ཉིད“འཛམ་གླིང་གི་བོད་ཀྱི་ས་གདན་གྲོང་ཁྱེར”དུ་འགྱུར་བར་བྱ་རྒྱུ་རེད། 
            ཀྲུང་གོའི་བཟོ་ལས་མཛེས་རྩལ་ལྷན་ཚོགས་ཀྱི་ས་གདན་ཆེད་ལས་ཨུ་ཡོན་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀའོ་ཧུང་གིས་གསུངས་རྒྱུར། མཚོ་སྔོན་ལ་བོད་ཀྱི་ས་གདན་ཐོན་སྐྱེད་ཁེ་ལས་ཁག་འགའ་ཡོད་ཅིང་། ལས་བགོ་ཇེ་ཞིབ་ཏུ་སོང་བ་དང་བསྟུན་ནས་འབྲེལ་ཡོད་ཐོན་ལས་མཚོ་སྔོན་དུ་གཅིག་འདུས་ངང་ཚུགས་ཡོད་ལ། ཐེངས་དུ་མར་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་འཚོགས་པ་བརྒྱུད་ནས་ཕྱི་ཕྱོགས་དང་འབྲེལ་འདྲིས་མཉམ་ལས་བྱེད་པར་མཐུན་རྐྱེན་བསྐྲུན་པ་དང་། ཀྲུང་གོའི་བོད་ཀྱི་ས་གདན་གྱི་སྙན་པའི་གྲགས་པ་ཡིས་མི་རྣམས་ལ་བག་ཆགས་གཏིང་ཟབ་མོ་བཞག་ཡོད་ཅིང་།  ཀྲུང་གོའི་བོད་ཀྱི་ས་གདན་འཛམ་གླིང་དུ་དར་བར་ཐོན་ལས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།
            ཀྲུང་གོའི་བོད་ཀྱི་ས་གདན་ལྷན་ཚོགས་ཀྱིས་བསྟན་པའི་ཆ་འཕྲིན་ལྟར་ན། བོད་ཀྱི་ས་གདན་དེ་རྒྱལ་སྤྱི་རྒྱལ་ནང་དུ་ཉོ་འདོད་ཀྱི་འདུན་པ་ཧ་ཅང་ཆེ་ཞིང་ཚོང་རའི་མདུན་ལྗོངས་ཤིན་ཏུ་ཡག་པོ་ཡོད་ལ། ཀྲུང་གོའི་བོད་ཀྱི་ས་གདན་རྒྱལ་སྤྱིའི་སྟེང་དུ་ཕལ་ཆེར་བཙོངས་མཁན་གྱི་ཚང་རའི་ཚུལ་དུ་གནས་ཡོད། འོན་ཀྱང་མིག་སྔར་ཀྲུང་གོའི་བོད་ཀྱི་ས་གདན་རྒྱལ་སྤྱིའི་སྟེང་གི་ཐོན་སྐྱེད་བྱས་ཚད་དང་བཙོངས་ཚད་པ་ཅི་སི་ཐན་དང་བལ་བོ་གཉིས་དང་བསྡུར་ན་ད་དུང་བར་ཁྱད་ངེས་ཅན་ཡོད་པ་རེད། དེ་བས་ད་དུང་མུ་མཐུད་དུ་ཐོན་ལས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། གཞི་རྒྱ་ཆེ་བའི་ཐོན་ལས་མང་པོ་བཙུགས་ནས་གོམ་གང་མདུན་སྤོས་སྒོས་རང་རྒྱལ་གྱི་བོད་ཀྱི་ས་གདན་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་དགོས། 
            མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་གཞོན་པ་དང་ཞིབ་འཇུག་པ་སུའུ་ཧའེ་ཧུང་གིས།   གང་མགྱོགས་སྒོས་རང་རྒྱལ་གྱི་བོད་ཀྱི་ས་གདན་གྱི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་འཛུགས་དགོས་པར་བསྟན་པ་དང་། ལས་ཀ་འདིས་ཐོག་མར་ཐག་གཅོད་དགོས་པའི་གནད་དོན་ནི་མ་བཅོས་རྒྱུ་ཆ་སྤུས་ལེགས་ཐོན་སྐྱེད་བྱེད་པའི་གཞི་རྒྱ་ཆེ་རུ་གཏོང་བ་དེ་ཡིན་ལ། དེ་དང་མཉམ་དུ། མ་རྩ་གཏོང་བའི་ཐབས་ལམ་གང་ཐུབ་ཀྱིས་འཚོལ་ཞིབ་བྱ་དགོས་ཤིང་། རོགས་སྐྱོར་བྱས་པའམ་ལས་རིགས་དང་སྤྱི་ཚོགས་ཀྱི་མ་རྩ་སོགས་གང་ཐུབ་ཀྱིས་བེད་སྤྱོད་བྱས་ནས་མ་རྩ་གཏོང་མཁན་སྣ་མང་ཅན་དུ་འགྱུར་བར་བྱས་ཏེ། བོད་ཀྱི་ས་གདན་ཐོན་ལས་ཇེ་རྒྱས་དང་ཇེ་ཆེར་སྒྱུར་བར་མ་དངུལ་གྱི་རྒྱབ་སྐྱོར་གནང་དགོས་པར་བསྟན། 
            དེ་དང་དུས་མཚུངས་སུ། ད་སྐབས་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གི་བོད་ཀྱི་ས་གདན་གྱི་ཚོང་རའི་གནས་ཚུལ་ལ་བལྟས་ན། བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་འགྲོ་བ་དེ་རྒྱལ་སྤྱིའི་ཚོར་རར་བརྟེན་ཚད་ཇེ་གསལ་ནས་ཇེ་གསལ་ཡིན་པ་དང་། གོམ་གང་མདུན་སྤོས་སྒོས་རྒྱལ་སྤྱིའི་ཚོང་ར་གསར་སྤེལ་བྱ་རྒྱུ་ནི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་འགྲོ་བའི་གནད་དོན་གཙོ་བོ་ཞིག་ཡིན། དེ་བས། ཚོང་རྫས་མིང་རྟགས་ཅན་གྱི་བྱེད་ནུས་འདོན་དུ་འཇུག་རྒྱུའང་གཙོ་བོ་ཞིག་ཡིན་ལ།   འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་རྣམས་ལ་ཚོང་རྫས་མིང་རྟགས་ཅན་སྐྲུན་པའི་འདུ་ཤེས་ལྡན་པར་བྱེད་པ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱ་དགོས་ཤིང་། ཚོང་རྫས་མིང་རྟགས་ཅན་གྱི་དོ་དམ་མ་ལག་འཛུགས་པའམ་འཐུས་ཚང་དུ་གཏོང་དགོས་ལ།   སྔ་མོ་ནས་རྒྱལ་སྤྱིའི་སྟེང་དུ་རང་རྒྱལ་གྱི་མིང་གྲགས་ཆེ་བའི་ཕྱི་གཏོང་ཚོང་རྫས་མིང་རྟགས་ཅན་གྱི་སྣང་བརྙན་བསྐྲུན་ཏེ་རྒྱལ་སྤྱིའི་ཚོང་ར་ཟིན་ཐུབ་པར་བྱ་དགོས།
            སུའུ་ཧའེ་ཧུང་གིས་གསུངས་རྒྱུར། མཚོ་སྔོན་བོད་ཀྱི་ས་གདན་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི་རང་རྒྱལ་གྱི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། འབྲེལ་ཡོད་ལས་ཁུངས་ཀྱིས་མཚོ་སྔོན་བོད་ཀྱི་ས་གདན་གྱི་ཐོན་སྐྱེད་བྱེད་གནས་གཅིག་འདུས་ཡིན་པའི་དགེ་མཚན་འདི་བེད་སྤྱད་དེ། མཚོ་སྔོན་གྱི་བོད་ཀྱི་ས་གདན་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་མུ་མཐུད་དུ་ལེགས་པར་འཚོགས་ནས། ནུས་ཤུགས་ཡོད་དགུས་ཟི་ལིང་དེ་བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་གནས་དང་མ་བཅོས་རྒྱུ་ཆ་སོགས་མཁོ་སྤྲོད་བྱེད་གནས། ཐོན་རྫས་ཞིབ་འཇུག་ལྟེ་གནས་དང་འགྲེམ་སྟོན་ལྟེ་གནས། ཉོ་འཚོང་ལྟེ་གནས་བཅས་གཞི་གཅིག་ཏུ་འདུས་པའི་འཛམ་གླིང་གི་“བོད་ཀྱི་ས་གདན་གྲོང་ཁྱེར”དུ་འགྱུར་བར་བྱ་དགོས་པར་བསྟན།


འབྲེལ་ཡོད་འོས་སྦྱོར།