logo

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཅིན་ནས་ལས་གཞི་ངོ་སྤྲོད་དང་མིང་འགོད་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:ཤ་བོ་སྐྱབས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-04-10 ཀློག་གྲངས།:

 

        2011ལོའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་མཚམས་སྦྱོར་དང་མིང་འགོད་པའི་མཛད་སྒོ་དེ་ཟླ་བཞི་བའི་ཚེས་བརྒྱད་ཉིན་ནན་ཅིན་གྲོང་ཁྱེར་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ཐེན་དང་ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧྲི་ཧི་ཕིན་གཉིས་སོ་སོར་གྲོས་ཚོགས་སུ་ཞུགས་པར་མ་ཟད་རྟེན་འབྲེལ་ཞུས།
        ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་ལྟར་ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཅང་སུའུ་ཞིན་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་ལ་མཐོན་ཆེན་མཛད་དེ། ན་ནིང་ལས་བྱེད་པ་དྲུག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མངགས་ནས་འགན་བགོས་ཏེ། ཁ་གཏད་རོགས་སྐྱོར་ཐད་ཀྱི་བྱ་བའི་སྒྲིག་ལུགས་བཙུགས་ནས། སྔར་ལས་ལྷག་པར་ཁ་གཏད་རོགས་སྐྱོར་བྱ་བར་ཤུགས་སྣོན་པར་རྨང་གཞི་བརྟན་པོ་ཞིག་བཏང་བ་དང་། ཐེངས་འདིའི་བྱ་འགུལ་ནི་སྔར་ལས་ལྷག་པར་ཁ་གཏད་རོགས་སྐྱོར་ཐད་ཀྱི་བྱ་བ་དང་། མཚོ་ལྷོ་ཁུལ་དྲིལ་སྒྲོག་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་དང་། མཚོ་ལྷོ་ཁུལ་དང་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་བར་ཁ་གཏད་རོགས་སྐྱོར་གྱི་ཉམས་མྱོང་བརྗེ་རེས་དང་། ལས་གཞི་ངོ་སྤྲོད་དང་མིང་འགོད་པ། མཐོ་སྒང་གི་ཁྱད་ཐོན་དངོས་རྫས་འགྲེམ་སྟོན་དང་ཁ་གཏད་རོགས་སྐྱོར་གྱི་གྲོང་ཁྱེར་ལ་ལྟ་སྐོར་བྱས་རྒྱུ་བཅས་ཡིན།

        ཐེངས་འདིའི་བྱ་འགུལ་ལས་གཙོ་བོ་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་དང་ཆུ་དང་གློག་གི་ཐོན་ཁུངས། གཏེར་ལས་ཐོན་ཁུངས། གནས་སྐོར་ཐོན་ཁུངས་དང་དག་གཙང་ནུས་ཁུངས་སོགས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་གཙོ་བོའི་གསར་སྤེལ་ལས་གཞི་མཚམས་སྦྱོར་བྱེད་རྒྱུ་དེ་ཡིན་ལ། གྲོས་མཐུན་བཀོད་པའི་མཉམ་ལས་ལས་གཞི་ཉི་ཤུ་ལ་མིང་བཀོད་པས་དངུལ་གཏོང་མ་དངུལ་སྒོར་མོ་དུང་ཕྱུར་བརྒྱ་དང་རེ་གཉིས་ལྷག་ལ་བསླེབས།


འབྲེལ་ཡོད་འོས་སྦྱོར།