logo

བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཆེན་པོ་གསུམ་བསྐྲུན་རྒྱུ་ཡིན་པ།

རྩོམ་པ་པོ།:བདེ་སྐྱིད་སྒྲོལ་དཀར། ཡོང་ཁུངས།:《བོད་ལྗོངས་ཉིན་རེའི་ཚགས་པར》 དུས་ཚོད།:2011-03-13 ཀློག་གྲངས།:

            ཟླ3ཚེས10ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི” རིང་བོད་ལྗོངས་ཀྱིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་སྤྱི་གླིང་དང་། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་། གནམ་མཚོའི་རྒྱལ་ཁབ་སྤྱི་གླིང་བཅས་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་དོ་དམ་རྣམ་པའི་ཐོག་ནས་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གཏོད་རྒྱུར་སྐུལ་མ་གཏོང་རྒྱུ་རེད། 
            ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོ་སྟེ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་སྤྱི་གླིང་དེ་ན་ནིང་ཟླ12པར་བསྐྲུན་ཟིན་ནས་མིག་སྔར་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་དང་གནམ་མཚོའི་རྒྱལ་ཁབ་སྤྱི་གླིང་གི་དུས་འགོའི་ལས་ཀ་ཧུར་ཐག་སྒྲུབ་བཞིན་ཡོད་པ་དང་ཚོད་རྩིས་བྱས་ན“ལོ་ལྔ་ཚན་བཅུ་གཉིས་པའི”དུས་འགོའི་ནང་སྒོ་བྱང་བཀལ་ནས་འཛུགས་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་སུང་ཕིང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་དོ་དམ་རྣམ་པ་གསར་རྐྱང་ལ་བརྟེན་ནས་བོད་ཀྱི་མཛེས་ལྗོངས་ཁུལ་ཆེ་གྲས་གཉེར་སྐྱོང་བྱ་རྒྱུ་རེད་ཅེས་བཤད་པ་རེད། 
            བོད་ལྗོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཆེན་པོ་གསུམ་དོ་དམ་གྱི་འདུ་ཤེས་གཙོ་བོ་ནི་སྤྱི་ཕན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་དེ་རེད། རྒྱལ་ཁབ་སྤྱི་གླིང་ནང་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཙུགས་ནས་སྤྱི་གླིང་ཁོངས་གཏོགས་ཀྱི་རང་བྱུང་དང་རིག་གནས་སྣོད་བཅུད་སྲུང་སྐྱོང་དང་། མཛེས་ལྗོངས་ཁུལ་གསར་སྤེལ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། ཁྲོམ་རའི་སུས་འཇོན་དེ་འགུགས་གཉེར་སྐྱོང། བོགས་ལེན་དོ་དམ་བཅས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རེད། སྤྱི་གླིང་ནང་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྦྱོང་བརྡར་ཡག་པོ་ཐེབས་པའི་སྤྱི་གླིང་ཉེན་རྟོག་པ་དང་། ལྟ་ཞིབ་པ། འགྲེལ་བཤད་པ་སོགས་ཡོད་ལ་ཕྱོགས་ཁག་གི་རིགས་གཅིག་མཁས་ཅན་ཚོས་དང་བླངས་པའི་མིང་ཐོག་ནས་སྤྱི་གླིང་གི་སྤྱི་པའི་ཞབས་ཞུའི་ནང་ཞུགས་རྒྱུ་རེད། 
            ཝང་སུང་ཕིང་གིས་བོད་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་རྣམ་པའི་ཐོག་ནས་མཛེས་ལྗོངས་ཁུལ་ལ་དོ་དམ་བྱས་ཏེ་སྤྱི་ཕན་དང་། སྲུང་སྐྱོང་། གསར་སྤེལ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད། སྤྱི་གླིང་གི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་མཛེས་ལྗོངས་ཁུལ་གཉེར་སྐྱོང་བྱ་རྒྱུ་དེ་སྲིད་འཛིན་དང་ཁེ་ལས་ཀྱི་འགན་འཁྲི་སོ་སོར་དབྱེ་སྟེ་མཛེས་ལྗོངས་ཁུལ་ནང་ཡུལ་སྐོར་བའི་འགྲོ་སོང་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་མ་ཟད། ས་གནས་ཀྱི་མང་ཚོགས་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ནང་བསྡུས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱ་རྒྱུ་རེད། གཞན་ཡང་རྒྱལ་ཁབ་སྤྱི་གླིང་རྣམ་པས་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ“འགྲོ་སོང་བསྡུ་བ་ལས་དོ་དམ་མི་བྱེད་པ་དང་སྲུང་སྐྱོང་མི་བྱེད་པའི”རྣམ་པ་གཏན་འགོག་བྱུ་རྒྱུ་རེད་ཅེས་བཤད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་སྤྱི་གླིང་ནང་ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་རི་རྩེ་མཛེས་ཤོས་ཞེས་བརྗོད་པའི་གནམ་ལྕགས་འབར་བ་དང། ཡིད་འོང་གི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ར་འོག་མཚོ་སོགས་ཚུད་ཡོད། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་ནང་མཐོ་ཚད་སྨི8000ཡན་གྱི་རི་བོ་ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་སོགས་ཚུད་ཡོད། གནམ་མཚོའི་རྒྱལ་ཁབ་སྤྱི་གླིང་ནང་བོད་ཀྱི་གནམ་མཚོ་དང་གཉན་ཆེན་ཐང་ལྷ་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད།   


འབྲེལ་ཡོད་འོས་སྦྱོར།