ཐུན་ཏེ་རྫོང་གིས་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་གནད་དོན་ཐག་བཅད་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བ་དང༌། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས།ཉིས་སྟོང་བརྒྱད་ལོར་རྫོང་ཏང་ཨུ་དང༌། རྫོང་སྲིད་གཞུང་གིས་ཧུར་ཐག་གིས་ལས་གཞི་བརྩོན་ལེན་བྱེད་པ་དང༌། འཛུགས་སྐྲུན་མ་དངུལ་དངོས་འབེབས་བྱས་ནས།སྡོམ་པས་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་ལྔ་ལྷག་བཏང་སྟེ། ཆུ་བེད་རྨང་གཞིའི་སྒྲིག་ཆས་རིགས་སྣ་ཚོགས་དྲུག་གསསར་འཛུགས་དང་བསྒྱུར་བཀོད་བྱས་པས། རྫོང་ཡོངས་ཀྱི་མང་ཚོགས་ཁྲི་བཞི་ལྷག་ལ་ཁེ་ཕན་ཐོབ། ད་ལོར་སྔ་གཞུག་ཏུ་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་འབུམ་བཞི་ཁྲི་དྲུག་ལྷག་བཏང་ནས་སྡེ་བ་ཉེར་གཉིས་ཀྱི་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་གནད་དོན་ཐག་བཅད་པ་དང༌།མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་གསུམ་ཁྲི་བཞི་ལྷག་བཏང་ནས་འབའ་ལུང་བ་ཞང་དང༌། ཁ་སྒང་གཉིས་ཀྱི་ཆུ་རྐ་བསྒྱུར་བཀོད་བཟོ་སྐྲུན་ཡོངས་འགྲུབ་བྱས་ཏེ། ས་ཞིང་མུའུ་སྟོང་གསུམ་ལ་ཆུ་གཏོང་བའི་གནད་དོན་ཐག་བཅད།