༄༅།། གྲོང་ཁྱེར་ལྷ་སར་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་ཐོག་མར་གྲུབ་པ་རེད།
ཉེ་ལམ་གསར་འགོད་པས་ལྷ་སའི་འགྲིམ་འགྲུམ་ཅུད་ལས་ཤེས་གསལ་བྱུང་བ་ལྟར་ན། གྲོང་ཁྱེར་ལྷ་སར་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་ཅིག་ཐོག་མར་གྲུབ་ཡོད་ཅིང༌། གཞུང་ལམ་དང་ལྕགས་ལམ། མཁའ་འགྲུལ་བཅས་ནི་ལྷ་སའི་སྐྱེལ་འདྲེན་བྱེད་སྟངས་གཙོ་བོར་གྱུར་ཡོད་པ་རེད།
གོང་གསལ་གྱི་སྐྱེལ་འདྲེན་བྱེད་སྟངས་རིགས་གསུམ་ལས་གཞུང་ལམ་གྱིས་གྲོང་ཁྱེར་ལྷ་སའི་མི་མང་འདུས་སྡོད་ཁུལ་དང་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་རྫོང་གཙོ་བོ་རྣམས་ཕན་ཚུན་སྦྲེལ་ཡོད་ཅིང༌། རྒྱལ་ལམ་གྱིས་གྲོང་ཁྱེར་དང་རྫོང་བར་དང༌། རྫོང་དང་རྫོང་ཕལ་ཆེར་ཕན་ཚུན་སྦྲེལ་ཡོད་པ་དང་། རླངས་འཁོར་ཞང་གྲོང་དུ་ཤར་བསྐྱོད་ཐུབ་ཚད་བརྒྱ་ཆའི་༩༨ལ་སླེབས་ཡོད་པ་རེད།
ཤེས་གསལ་ལྟར་ན། ད་ཆ་གྲོང་ཁྱེར་ལྷ་སར་སྐུ་མགྲོན་སྐྱེལ་བསུའི་ས་ཚིགས་༤དང༌། དངོས་ཟོག་སྐྱེལ་འདྲེན་ས་ཚིགས་༡ཡོད་ཅིང༌། སྐུ་མགྲོན་སྐྱེལ་བསུའི་ས་ཚིགས་ཀྱིས་ཉིན་རེར་སྐུ་མགྲོན་༢༤༠༠ཡས་མས་ཤིག་ཕར་སྐྱེལ་བཞིན་ཡོད་པ་དང༌། དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱིས་ཉིན་རེར་ཕལ་ཆེར་དངོས་ཟོག་ཏུན་ཁྲི་༣༠རེ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།
མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་བ་ཡིས་གྲོང་ཁྱེར་ལྷ་སར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་ཞིང༌། འདམ་གཞུང་དང་ཡངས་པ་ཅན། ལྷ་ས་སོགས་སུ་འབབ་ཚིགས་༦བཙུགས་ཡོད་པ་དང༌། ལམ་རྒྱུད་ཀྱི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད།
གོང་དཀར་གནམ་གྲུ་འབབ་ཐང་ནི་བོད་རང་སྐྱོང་ལྗོངས་ཀྱི་དམངས་སྤྱོད་གནམ་གྲུའི་འབབ་ཐང་གཙོ་བོ་ཡིན་ཞིང༌། དེ་དང་ཉིང་ཁྲིའི་གནམ་གྲུ་འབབ་ཐང་དང༌། སྤང་མདའི་གནམ་གྲུ་འབབ་ཐང་གསུམ་གྱིས་བོད་ལྗོངས་ཀྱི་མཁའ་འགྲུལ་དྲ་བ་གྲུབ་ཡོད་པ་རེད། ད་ཆ་བོད་ལྗོངས་སུ་མཁའ་འགྲུལ་ཀུང་སི་༧ཙམ་གྱིས་གནམ་གྲུ་གཏོང་བཞིན་ཡོད་ཅིང༌། ཁྱོན་བསྡོམས་མཁའ་ལམ་༡༥བཏོད་ཡོད་པ་དང༌། དེའི་ནང་རྒྱལ་ནང་གི་མཁའ་ལམ་༡༣དང༌། རྒྱལ་སྤྱིའི་མཁའ་ལམ་༡། ལྗོངས་ནང་ཁུལ་གྱི་མཁའ་ལམ་༡བཅས་ཡོད་པ་རེད།