“མཁའ་དབྱིངས་ཀྱི་གསེར་ཟམ”གྱིས་རི་གྲོང་ཕྱི་ནང་གི་བར་ཐག་ཐུང་དུ་བཏང་བ།
བརྙན་འཕྲིན་བརྡ་རྟགས་དུད་ཁྱིམ་ཡོངས་ལ་ཁྱབ། །སྡེ་མིས་ཡུན་རིང་རེ་བ་དོན་སྨིན་བྱུང་།།
ལག་རྩལ་པ་གཡུ་རྒྱལ་གྱིས་བརྙན་འཕྲིན་གྱི་གློག་རླབས་ལེགས་སྒྲིག་བྱེད་བཞིན་པའི་སར། ཞིང་པ་ཚོས་དགའ་བ་དང་ངོ་མཚར་ལྷན་རྒྱས་ཀྱིས་རུབ་ལྟ་བྱེད་བཞིན་པའི་གནས་ཚུལ་རེད།
ལག་རྩལ་པ་རྡོ་རྒྱལ་གྱིས་བརྙན་འཕྲིན་གྱི་བརྡ་རྟགས་ལེགས་སྒྲིག་བྱེད་བཞིན་པའི་གནས་ཚུལ་རེད།
ཟླ༡༢ཚེས༡༡ཉིན་གྱི་སྔ་དྲོར། འདི་གའི་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་རྒྱང་བསྒྲགས་བརྙན་འཕྲིན་ལག་རྩལ་ལས་ཁུངས་ཀྱི་ལག་རྩལ་མི་སྣ་གསུམ་དང་མཉམ་དུ། ཆུ་བུ་གཞུང་ཤང་བཀྲ་ནུ་གྲོང་ཚོར་སླེབས་ཤིང་། “གྲོང་ཚོ་ཡོངས་ལ་གློག་ཤར་གཏོང་བྱེད”ཅེས་པའི་ལས་གྲྭས་དེ་གའི་གཞི་རིམ་མང་ཚོགས་ཡོངས་དགའ་མགུ་ཡི་རང་གི་གནས་སུ་བཀོད་པའི་སེམས་འགུལ་ཐེབས་པའི་སྣང་ཚུལ་ཞིག་འདི་གའི་གསར་འགོད་པའི་མིག་ལམ་དུ་ཡོངས་སུ་འཆར།
དེ་ཡང་“བོད་ལྗོངས་ཀྱི་གྲོང་གསེབ་ཡོངས་ལ་གློག་ཤར་གཏོང་བྱེད་པའི་ལས་གྲྭ”ཞེས་པའི་ཡིག་འབྲུ་འཁོད་ཡོད་པའི་སྲུང་སྐར་གྱི་བརྡ་རྟགས་བསྡུ་ལེན་བྱེད་ཆས་གསར་པ་ཞིག་དེ་གའི་གྲོང་ཚོའི་ནང་དུ་བཙུགས་ཡོད་ཅིང་། སྲུང་སྐར་གྱི་སྒྲིག་ཆས་དེས་གཞིས་རྩེའི་ཆུ་བུ་གཞུང་ཤང་བཀྲ་ནུ་གྲོང་ཚོ་དང་ཡུལ་ཕྱོགས་གཞན་པའི་དབར་ལ་འབྲེལ་གཏུགས་བྱེད་པའི“མཁའ་དབྱིངས་ཀྱི་གསེར་ཟམ”ཞིག་བཙུགས་ཡོད་པ་རེད།
དེ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱང་བསྒྲགས་བརྙན་འཕྲིན“གྲོང་ཚོ་ཡོངས་ལ་ཤར་གཏོང་ཡོང་བའི”ལས་གཞི་ལེགས་གྲུབ་ཟིན་རྗེས་སུ་དེ་གའི་བཀྲ་ནུ་གྲོང་ཚོར་རྒྱང་བསྒྲགས་བརྙན་འཕྲིན“དུད་ཁྱིམ་ཡོངས་ལ་ཤར་གཏོང་བྱུང་བའི”ལས་དོན་མངོན་འགྱུར་བྱུང་ཐེངས་ཤིག་ཡིན་པ་དང་། གྲོང་ཚོ་དེ་གར་སྲུང་སྐར་གྱི་བརྡ་རྟགས་བསྡུ་ལེན་ཐུབ་པའི་ལས་དོན་ལེགས་གྲུབ་བྱུང་བ་དེས། དེ་གའི་གྲོང་མི་རྣམས་ཀྱིས་ཕྱི་རོལ་དུ་འགྲོ་མི་དགོས་པར་རང་ཁྱིམ་དུ་བརྙན་འཕྲིན་ལྟ་ཐུབ་པ་དང། རྒྱང་བསྒྲགས་ཉན་ཐུབ་པ་བྱུང་སྟེ། དེ་གའི་གཞི་རིམ་མང་ཚོགས་ཚོའི་ནང་བསམ་བློའི་སྟེང་གི་བདེ་སྐྱིད་ཀྱི་ལོངས་སྤྱོད་དེ་བས་ཕུན་སུམ་ཚོགས་པར་བཏང་ཡོད་པ་རེད།