༄༅།། རྒྱལ་ཁབ་རམ་འདེགས་འཆར་གཞི་ལས་གཞི་རྣམ་གྲངས་འགོ་རྩོམ་པའི་མཛད་སྒོ་འཚོགས།
༢༠༠༩ལོའི་ཟླ་༦པའི་ཚེས་༢༠ཉིན་ཐེངས་དང་པོར་རྒྱལ་ཁབ་རམ་འདེགས་འཆར་གཞི་ལས་གཞི་རུ་འདེམས་པའི་"མི་རིགས་གསོ་རིག་འཕེལ་རྒྱས་གཙོ་གནད་ལག་རྩལ་དཔེ་སྟོན་ཞིབ་འཇུག " "བོད་སྨན་གྱིས་གསོ་བཅོས་བྱས་པའི་དྲེག་གྲུམ་དང༌། གཟའ་ནད༌། ཕོ་རུབ་བཅས་ཀྱི་ལག་ལེན་བཅོས་སྐྱེད་ཞིབ་འཇུག་གདེངས་འཇོག་བྱེད་པའི་"རྣམ་གྲངས་འགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་འཚོགས༌། པེ་ཅིན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་རིན་དབང་ཚེ་བརྟེན་དང༌། མཚོ་སྔོན་ཞིང་ཆེན་བོད་ཁང་གི་ཡོན་ཀྲང་འོ་ཚོགས་ཆེན་དང་ཧྲུའུ་ཅི་ཆོས་སྐྱོང་དང༌། ཡོན་ཀྲང་གཞོན་པ་ཀླུ་བྱམས་རྒྱལ་དང༌། དབང་ཆེན་ཚེ་བརྟེན་སོགས་འགོ་ཁྲིད་དང་རྣམ་གྲངས་སོ་སོར་ཞུགས་པའི་ལས་ཁུངས་ཀྱི་ཆེད་མཁས། རྣམ་གྲངས་རྩ་འཛུགས་ཚོགས་པའི་ཚོགས་མི་༢༠་ལྷག་ཚོགས་འདུ་རུ་ཞུགས། དབང་ཆེན་ཚེ་བརྟེན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད༌། འོ་ཚོགས་ཆེན་གྱིས་རྣམ་གྲངས་ལག་བསྟེར་བྱེད་པར་རེ་བ་བཏོན། ཚོགས་འདུར་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས་རྣམས་ཀྱིས་ཐུན་མོང་དུ་རྣམ་གྲངས་འདིར་དོན་སྙིང་གལ་ཆེན་འདུག་པར་འདོད།