རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་མགོ་བརྩམས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2021-11-30
ཀློག་གྲངས།:
རྩ་ཁྲིམས་གཏམ་རྒྱུད་གླེང་། ཁྲིམས་སྐྱོང་ལམ་དུ་སྐྱོད།
རང་ཞིང་གིས་རིམ་པ་གསུམ་གྱི་ཡན་ལག་ཚོགས་ར་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་ལ་བལྟས།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། 2021ལོའི་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་ལེགས་པོར་བསྒྲུབ་ཆེད། ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ཁྱབ་གཞུང་ལས་ཁང་བཅས་ཀྱིས་བརྙན་ལམ་ནས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་སྙན་ཞུ་ཚོགས་འདུ”དང2021ལོའི་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་བསྡུས། རང་ཞིང་གིས་ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་བཅས་རིམ་པ་གསུམ་གྱི་ཡན་ལག་ཚོགས་ར་རྩ་འཛུགས་བྱས་ཏེ་བརྙན་ལམ་ནས་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་ལ་བལྟས།ཞིང་ཆེན་ཁྲིམས་འཛིན་ཐིང་གི་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། ཞིང་ཆེན་དུག་གཅོད་དོ་དམ་ཅུའུ། ཞིང་ཆེན་ཁྲིམས་འཛིན་ཐིང་གི་སྡེ་ཁག་སོ་སོའི་འགན་ཁུར་བ་སོགས་མི100ཙམ་བརྙན་ལམ་ནས་ཞིང་ཆེན་རིམ་པའི་ཡན་ལག་ཚོགས་ར་རུ་ཐེངས་འདིའི་མཛད་སྒོ་དང་འཆད་ཁྲིད་ལ་ཞུགས། གྲོང་ཁྱེར(ཁུལ)དང་། རྫོང(ཆུའུ)སོ་སོའི་ཡན་ལག་ཚོགས་ར་རུ་འབྲེལ་ཡོད་ལས་ཁུངས་ཀྱི་མི800ལྷག་བརྙན་ལམ་ནས་འཆད་ཁྲིད་ལ་ཞུགས།
མགོ་རྩོམ་མཛད་སྒོའི་ཚོགས་ར་གཙོ་བོ་ཁྲིམས་འཛིན་པུའུ་རུ་བཙུགས་ཡོད་ལ། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་གི་རྒྱལ་ཡོངས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཡོངས་ཁྲིམས་ཁྱབ་གཞུང་ལས་ཁང་གི་ཀྲུའུ་རེན་ཐིང་ཡིས་ཅོན་མཛད་སྒོར་ཞུགས་ནས2021ལོའི་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་ལ་བཀོད་སྒྲིག་བྱས། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཅང་ཅན་གོ་ཡིས་མཛད་སྒོར་མགོ་འཛིན་བྱས། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཀྲའོ་ཚོགས་འདུར་ཞུགས། ཞིང་ལས་ཞིང་སྡེ་པུའུ་དང་ཧུ་པའེ་ཞིང་ཆེན་དང་། ཀྲིག་ཅང་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་ཁྲིམས་འཛིན་ཐིང་གི་མགོ་ཁྲིད་གཙོ་བོས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡི་དྲུང་ཡིག་ཆེན་མོའམ་ཀྲུང་དབྱང་གི་རྒྱལ་ཡོངས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཁྲིན་ཡིས་ཞིན་གྱིས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་འབྲེལ་བ་ཆེན་མོ་བཅུ་ལ་གོ་བ་ཟབ་མོ་ལེན་པ》ཞེས་པའི་འཆད་ཁྲིད་གནང་།
རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཀྱང་ཡིན། བརྙན་ཟློས་ཚོགས་འདུ་གྲོལ་རྗེས། མི་ཚང་མས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱི་བཀོད་སྒྲིག་དང་ཆེད་དོན་ཟུར་ཁྲིད་ཀྱི་བླང་བྱ་བཞིན་ནན་ཏན་སྒོས་ལག་བསྟར་བྱ་རྒྱུ་ཡིན་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། བསམ་སྦྱོར་གཉིས་ཀྱི་གང་གི་ཐད་ནས་ཀྱང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་བསམ་ཚུལ་གང་མང་བཏོན།
ཞིང་ཆེན་ཁྲིམས་འཛིན་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཆིང་ཧུའུ་ཡིས“རྩ་ཁྲིམས་སློབ་པ་དང་རྩ་ཁྲིམས་སྒྲོག་པ། རྩ་ཁྲིམས་གོང་དུ་བཀུར་བ་བཅས་ནི་སྤྱི་དམངས་རེ་རེའི་འགན་འཁྲི་ཡིན་ལ། ལྷག་པར་དུ་ང་ཚོ་ཁྲིམས་འཛིན་ལས་ཁུངས་ཀྱི་ལས་བྱེད་པའི་ལས་འགན་གཙོ་བོ་ཡང་ཡིན། དེ་བས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ནས་རང་ཉིད་ནས་མགོ་བརྩམས་ཏེ་རྩ་ཁྲིམས་བསླབས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་བཀུར་ཁྲིམས་སློབ་ཁྲིམས་བརྩི་ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་ལེགས་པོ་འཇོག་དགོས”ཞེས་བཤད། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པ་ལིང་ཆན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་ལྟར་རྒྱལ་ཁབ་དང་སྲིད་དབང་བསྐྱངས་ན་ཐོག་མར་རྩ་ཁྲིམས་གཞིར་འཛིན་དགོས་ཞེས་ཐེངས་མང་པོར་ནན་གྱིས་གསུངས་ཡོད་པས། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་ལས་བྱེད་པ་ཞིག་ཡིན་ན། དཔའ་གདེང་ཆེན་པོའི་སྒོ་ནས་དུས་རབས་གསར་པར་ཁྲིམས་སྐྱོང་ཀྲུང་གོའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཞུགས་ཐུབ་དགོས། སྤྱིར་བཏང་གི་ལས་གནས་ཐོག་ཏུ་ང་ཚོས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་སློབ་སྦྱོང་དང་། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དུས་རབས་ཀྱིས་ང་ཚོ་མི་རབས་འདིར་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགས་ལ་སྲུང་སྐྱོང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་ངང་རྩ་ཁྲིམས་ལག་བསྟར་བ་ཞིག་བྱས་ཏེ། རྩ་ཁྲིམས་ལ་བཀུར་བའི་བསམ་པ་དཀར་པོ་ནམ་ཡང་རྒྱུན་སྐྱོང་དགོས”ཞེས་ཟེར།
མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་རིག་འཛིན་གྱིས“ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་པ་ཞིག་གམ། ཡང་ན་ཁྲིམས་ལུགས་དྲིལ་སྒྲོག་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ལས་བྱེད་པ་ཞིག་ཡིན་ན། ནམ་ཡང་རྩ་ཁྲིམས་གོང་དུ་བཀུར་ཞིང་། བྱ་བའི་ལས་རྐང་ནས་འགན་དང་དུ་བླངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་མཁན་དང་། ལག་ལེན་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱེད་དགོས”ཞེས་ཟེར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་བསོད་ནམས་ཚེ་དཔལ་གྱིས“རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཀྱང་ཡིན་ཕྱིར། ང་ཚོ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ཅན་གྱི་དགའ་བདེ་གསར་པ་ཞིག་འཛུགས་པའི་ལས་དོན་ལ་འབད་དགོས”ཞེས་ཟེར།
མཚོ་སྔོན་ཞིང་ཆེན་བུད་མེད་བཙན་ཤེད་ལོགས་བཀར་དུག་གཅོད་སོའོ་ཡི་ཉེན་རྟོག་པ་ཙིག་ཧེ་ཧུང་གིས“དུག་གཅོད་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་རྩ་ཁྲིམས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཡག་པོ་བྱས་ཏེ། རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་གོ་དོན་དང་དོན་སྙིང་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མང་ཚོགས་ཚོས་རྩ་ཁྲིམས་སློབ་སྦྱོང་དང་བརྩི་སྲུང་དེ་བས་ཀྱང་བྱེད་པར་སྐུལ་ཁྲིད་བྱེད་དགོས”ཞེས་ཟེར།
ཉིན་དེར་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱི་མགོ་ཚུགས་ཤིང་། རྩ་ཁྲིམས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་བརྒྱུད་རྩ་ཁྲིམས་ཀྱི་གཏམ་རྒྱུད་གླེང་ཞིང་། རྩ་ཁྲིམས་ཀྱི་དགོངས་པ་དར་སྤེལ་བཏང་བས། རང་ཞིང་གི་ཁྱབ་ཁོངས་སུ་རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྤྱོད་པ་བཅས་བྱེད་པའི་ཁྲིམས་སྐྱོང་གི་རྣམ་པ་གསར་པ་སྔར་ལས་ཇེ་ཡག་ཏུ་འགྲོ་ངེས་རེད།
འབྲེལ་ཡོད་འོས་སྦྱོར།